ནེའུ་ཛེ་ལནཌར་རྒྱ་བོད་རིག་གཞུང་བརྗེ་རེས་ཀྱི་བགྲོ་གླེང་།

p8291045ཟླ་འདིའི་ཚེས་༢ ཉིན་གྱི་ཕྱི་དྲོ་ནེའུ་ཛེ་ལན་ཌའི་གྲོང་ཁྱེར་ཨོཀ་ལན་ཌ་རུ་རྒྱ་བོད་རིག་གཞུང་བརྗེ་རེས་ཀྱི་བགྲོ་གླེང་ཚོགས་འདུ་ཞིག་འཚོགས་པ་དང་། དེར་བོད་རྒྱའི་མི་རིགས་གཉིས་དང་ཕྱི་རྒྱལ་བ་བཅས་ཁྱོན་མི་གྲངས་ ༧༠ ཙམ་མཉམ་ཞུགས་བྱས་ཡོད་པ་རེད།

བགྲོ་གླེང་ཚོགས་འདུ་དེ་ཨོ་སི་ཁྲུ་ལི་ཡའི་སྐུ་ཚབ་དོན་གཅོད་ཁང་དང་ནེའུ་ཛེ་ལན་ཌའི་རྒྱ་བོད་མཐུན་ཚོགས་གཉིས་ཀྱིས་གོ་སྒྲིག་བྱས་འདུག་ལ། ཚོགས་ཁང་གི་མདུན་སྒོའི་མེ་ཏོག་གི་ལྕགས་རྭའི་སྟེང་དུ་བོད་ཀྱི་རིག་གཞུང་གི་རྣམ་པ་མཚོན་པའི་དར་ལྕོགས་ཀྱིས་རབ་ཏུ་བརྒྱན་འདུག

ཐོག་མར་ཚོགས་འདུའི་གཙོ་སྐྱོང་བ་སྐུ་ཞབས་ཁྲེན་ཝུས་ཅན་དང་རིན་ཆེན་དོན་གྲུབ་གཉིས་ནས་མཛད་རིམ་གཏམ་བཤད་མདོར་ཙམ་དང་། སྐུ་ཞབས་ཁྲེན་གྱིས་ད་བར་བོད་མི་ ༦༢ ཙམ་གྱིས་སོ་སོའི་རང་དབང་གི་དོན་དུ་རང་ལུས་མེར་སྲེག་བཏང་དང་གཏོང་བཞིན་ཡང་། རྒྱ་ནག་གཞུང་གིས་ཁོང་རྣམས་ཀྱི་ཚེ་སྲོག་ལ་སེམས་ཁུར་སྤུ་ཙམ་མེད་པར་ད་དུང་ཁ་ནས་སྤུན་ཟླ་མི་རིགས་ང་དྲུག་ཅེས་སྐྱག་རྫུན་བཤད་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་སོང་།

དེ་ནས་རྟེན་འབྲེལ་གྱི་ཚུལ་དུ་སྐུ་ཞབས་ཀུན་བཟང་འཇིགས་མེད་ཀྱིས་བོད་ཡུལ་ཀོང་པོ་ཁུལ་དུ་ཆེས་དར་ཁྱབ་ཆེ་བའི་གུ་རུའི་ཚོགས་འབུལ་ཞེས་བོད་མིས་སློབ་དཔོན་པདྨར་དད་གུས་མཚོན་ཞིང་བོད་མིའི་ཁྱད་ཆོས་རང་བཞིན་ལྡན་པའི་ཞབས་བྲོ་ཞིག་གཟིགས་འབུལ་གྲུབ་མཚམས། དགེ་འདུན་པ་རྣམས་ཀྱིས་དབུ་ཁྲིད་དེ་ཚོགས་བཅར་བ་ཡོངས་ནས་སྐར་མ་ཁ་ཤས་ཀྱི་རིང་། ད་བར་བོད་མིའི་རང་དབང་དང་རིག་གཞུང་སྐད་ཡིག་དང་བཅས་པ་སྲུང་སྐྱོབ་དང་༧གོང་ས་མཆོག་ཕྱིར་བོད་ཡུལ་དུ་གདན་འདྲེན་ཞུ་ཆེད་སྐུ་སྲོག་མཆོད་མེར་བསྒྲོན་ནས་སྐུ་གཤེགས་པ་རྣམས་ལ་མྱ་ངན་གུས་འདུད་དང་། དེ་དག་གི་རྗེས་ཤུལ་ནང་མི་བུ་ཕྲུག་བཅས་པར་གདུང་སེམས་མཉམ་བསྐྱེད་མཚོན་བྱེད་དུ་སྐྱབས་འགྲོ་དང་མཎི་གསོག་སྒྲུབ་ཞུས་ཡོད་པ་རེད།

དེ་ནས་ཚོགས་འདུའི་སྐུ་མགྲོན་གཙོ་བོ་སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུས་བོད་རྒྱའི་རིག་གཞུང་བརྗེ་ལེན་གྱི་ཚོགས་འདུའི་དབུ་འབྱེད་གསུང་བཤད་སྐབས། བགྲོ་གླེང་སོགས་ཀྱི་ལམ་ནས་ང་ཚོས་ཕན་ཚུན་གཅིག་གིས་གཅིག་ལ་རྒྱུས་མངའ་བྱེད་རྒྱུ་དང་། ལོག་རྟོག་སེལ་བ་བྱེད་རྒྱུ་ནི་གལ་འགངས་ཆེ་ཞིང་བོད་རྒྱའི་དཀའ་རྙོག་སེལ་རྒྱུ་ནི་རྒྱ་བོད་མི་རིགས་གཉིས་ཀའི་ཁེ་ཕན་ལས་གཅིག་ཕམ་གཅིག་རྒྱལ་དང་། རང་རྒྱལ་གཞན་ཕམ་ལྟ་བུ་མིན་པར། རྒྱ་བོད་གཉི་ཀར་ལོ་རྒྱུས་ཡུན་རིང་ལྡན་ཞིང་སྔར་མཚམས་རེར་བོད་མིས་རྒྱ་རིགས་ལ་ཕན་པ་བསྒྲུབས་མྱོང་བའི་ལོ་རྒྱུས་ཡོད་པ་བཞིན། འབྱུང་འགྱུར་ཡང་ང་ཚོའི་རིག་གཞུང་གིས་ཏན་ཏན་རྒྱ་རིགས་མི་མང་ལ་ཕན་ཐོགས་ཆེན་པོ་བསྒྲུབ་པའི་ནུས་པ་ཆ་ཚང་ཡོད་སྐོར་གསུངས་ཡོད་པ་རེད།

p8291114རྒྱ་རིགས་བགྲེས་སོང་ལོ་རྒྱུས་སྨྲ་བ་སྐུ་ཞབས་ཧྥན་གྱིས་ཕྱི་ལོ་ ༡༩༤༩ ལོ་ནས་རྒྱ་དམར་གྱིས་བོད་ལ་དྲག་པོས་དབང་བསྒྱུར་བྱས་པ་དང་། བོད་ཡུལ་ཀུན་མུན་པས་སྒྲིབ་འགོ་ཚུགས་པ་རེད་ཅེས་དང་། གྲོས་མཐུན་དོན་ཚན ༡༧ ཟེར་བ་ཡང་བཙན་དབང་གི་འོག་ནས་འཇོག་དགོས་བྱུང་བ་དང་། ཐ་ན་དེའི་སྐབས་ཀྱི་ཐམ་ཀ་ཡང་རྫུན་མ་ཞིག་བཟོས་ནས་བེད་སྤྱོད་བྱས་པ་རེད། དེ་བཞིན་བོད་ཀྱི་རིག་གཞུང་གི་བསྟི་གནས་ཆེས་གནའ་རབས་ཀྱི་དགོན་སྡེ་ ༦༠༠༠ ལྷག་ཙམ་རྩ་གཏོར་བཏང་ཡོད་པ་ལོ་རྒྱུས་ཀྱིས་བདེན་དཔང་བྱས་ཡོད་སྐོར་སོགས་ཀྱི་གཏམ་བཤད་སྤེལ་སོང་།

བོད་རིགས་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཐུབ་བསྟན་གྱིས་ཁོང་འདི་གར་༡༩༦༧ ལོར་སྐྱབས་བཅོལ་དུ་ཡོང་བའི་བོད་མི་ཐོག་མ་དེ་ཡིན་པའི་སྒེར་གྱི་ལོ་རྒྱུས་དང་བཅས་ནེའུ་ཛེ་ལནཌའི་བོད་མིའི་སྤྱི་ཚོགས་ངོ་སྤྲོད་དང་། ལྷག་དོན་ཁོང་ཉིད་ཆབ་སྲིད་ཁོ་ན་ལས་ནང་ཆོས་ལ་རྒྱུས་མངའ་མེད་ནའང་རྒྱལ་ཁབ་འདིའི་ནང་བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་ཅུང་མང་བ་དང་། རྒྱལ་ཁབ་འདིའི་མི་སེར་ཞིག་ཡིན་པའི་ཆ་ནས་ཡུལ་མི་ཡག་པོ་ཞིག་དང་བོད་མི་བཟང་པོ་ཞིག་བྱ་རྒྱུ་གལ་ཆེ་སྐོར་གསུངས་སོང་།

དམིགས་བསལ་ཨོ་སི་ཁྲུ་ལི་ཡ་ནས་ཚོགས་འདུར་ཆེད་དུ་ཕེབས་པའི་རྒྱ་རིགས་གྲགས་ཅན་རྩོམ་པ་པོ་ཨཱ་མོ་དང་མེལ་བྷོན། བོད་རྒྱ་མཛའ་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཡུས་ཧྲེས་ཤིན་གཉིས་ནས་ཀྱང་གལ་ཆེའི་གཏམ་བཤད་ཁག་ཅིག་གནང་། དེ་ནས་སྐར་མ་ ༣༠ རིང་གསོལ་ཇའི་བར་གསེང་དང་སྐུ་ཚབ་དོན་གཅོད་ཁང་ནས་གཞུང་འབྲེལ་གྱི་རྒྱ་ཡིག་ཤེས་བྱ་དུས་དེབ་སོགས་རིན་མེད་ཐོག་ཕུལ་བ་དང་། རྩིག་གྱང་སྟེང་དུ་བོད་རྒྱའི་ཡིག་གཟུགས་འདྲ་མིན་དང་ཤིང་བསྐོས་བྱས་པའི་སྲོལ་རྒྱུན་གྱི་ཅོག་ཙེའི་སྒང་ལ་བོད་མིའི་སྔར་གྱི་ཤོག་དངུལ་སོགས་ཀྱང་འགྲེམས་སྟོན་བྱས་སོང་།

ཐའེ་ཝན་གྱི་སྐུ་ཞབས་ཧྭང་གིས་སྲོལ་རྒྱུན་གྱི་དྲག་རྩལ་དང་གྲི་རྩལ་འཁྲབ་སྟོན་དང་། བུད་མེད་ཀྲའུ་སན་དབྱུག་གིས་རྒྱ་ནག་གནའ་རབས་ཀྱི་རོལ་ཆ་གྷུའུ་ཆིང་ཞེས་པ་དཀྲོལ་བ་དང་། རང་རེའི་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟླ་སྒྲོན་གྱིས་རྒྱ་བོད་གཉིས་ཀྱི་དབར་གཙོ་བོ་གསུང་སྒྱུར་དང་ལྷག་དོན་བོད་རྒྱའི་མི་རིགས་དབར་གྱི་བསམ་ཚུལ་བརྗེ་ལེན་བྱ་རྒྱུ་གལ་ཆེ་བ་དང་། རྒྱ་བོད་ཀྱི་གནས་ཚུལ་ངོ་མ་ཤེས་རྟོགས་ཐུབ་པར་བྱེད་པ་ནི་ང་ཚོ་རྒྱ་བོད་མི་རིགས་གཉིས་ཀྱི་ཐུན་མོང་གི་འགན་ཡིན་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་མདོར་བསྡུས་གནང་།

དེ་ནས་རྒྱ་རིགས་སྒྱུ་རྩལ་པ་སྐུ་ཞབས་ཏྭ་ཏིང་གིས་བོད་ཀྱི་ཐང་ག་དང་གནའ་བོའི་རྒྱ་ནག་གི་ཆས་གོས་སོགས་ངོ་སྤྲོད་དང་། ཁོང་གིས་བོད་རིགས་ཚོས་རང་གི་རིག་གཞུང་ཆས་གོས་སོགས་ལོ་ངོ་སྟོང་ཕྲག་རིང་མི་ཉམས་གཅེས་ཉར་ཐུབ་པར་བསྔགས་བརྗོད་དང་། ད་ལྟའི་ང་ཚོའི་རྒྱ་ནག་ལ་མཚོན་ན་གནའ་བོའི་རིག་གཞུང་ལྟ་ཅི། ཐ་ན་ཆས་གོས་ཙམ་ཡང་སྲུང་སྐྱོབ་བྱེད་ཐུབ་མེད་པ་ནི་ཆེས་བློ་ཕམ་དང་ངོ་ཚ་དགོས་པར་སྣང་ཞེས་མིག་ནས་མཆི་མ་ཤོར་ཞིང་དཔེ་མཚོན་དུ། དེ་སྔོན་བུད་མེད་ལོ་ཆུང་ཞིག་གིས་རྒྱ་ནག་གི་ཆེས་སྔ་མོའི་ཆས་གོས་ཞིག་གྱོན་པར། སྐབས་དེར་རྒྱ་རིགས་ཚོས་སོ་སོའི་སྲོལ་རྒྱུན་གྱི་ཆས་གོས་ཀྱང་ངོས་འཛིན་མ་ཐུབ་པར་ཉི་ཧོང་གི་ཆས་གོས་སྤྲས་འདུག་ཅེས་སྐྱོན་བརྗོད་དང་། བུད་མེད་དེར་གཤེ་གཤེ་བཏང་ནས་ཆས་གོས་ཡོངས་རྫོགས་དབྲལ་ནས་མེར་སྲེག་གཏང་བ་རེད་ཅེས་དང་ཁོང་ཉིད་ཆུང་དུས་ནས་བོད་ཀྱི་དགའ་རོགས་སྐོར་གྱི་སྒྲུང་ཤིག་ཐོས་པ་སོགས་ངོ་སྤྲོད་གནང་།

རྒྱ་རིགས་གྲགས་ཅན་རྩོམ་པ་པོ་ལྕམ་ཀྲའོ་ཧྲུ་ཙིས་སྐུ་ཚབ་དོན་གཅོད་ལ་ཁོང་གི་སྐུ་ཟླས་བྲིས་པའི་ནང་དོན་ཟབ་ལ་སྒྱུ་རྩལ་རང་བཞིན་ལྡན་པའི་སྙན་རྩོམ་རྒྱའི་ཡིག་གཟུགས་སུ་ལེགས་བྲིས་ཞིག་གི་དོན་འགྲེལ་ཞུས་རྗེས་འབུལ་གནང་མཛད་སོང་བ་དང་། མཐར་སྐུ་ངོ་དྭགས་པོ་བསོད་ནམས་ཀྱིས་བཙན་བྱོལ་ནང་གི་མང་གཙོའི་འཕེལ་རིམ་སྐོར་ངོ་སྤྲོད་གསུང་བཤད་རྗེས། ཚོགས་བཅར་རྣམས་དང་དྲི་བ་དྲིས་ལན་གནང་སྟེ་ཚོགས་འདུ་མཇུག་བསྒྲིལ་ཡོད་པ་རེད།

གནས་ཚུལ་མཁོ་གཏོང་བ་མ་སུ་རི་བོད་ཁྱིམ་སློབ་ཟུར་རིན་ཆེན་དོན་གྲུབ་ཀྱིས།