རེབ་གོང་དུ་བསྐྱར་དུ་རང་ལུས་མེར་སྲེག་གི་ངོ་རྒོལ།
ཟླ་འདིའི་ཚེས་༨ ཉིན་བོད་ཨ་མདོ་རེབ་གོང་རོང་བོ་དགོན་པའི་ཉེ་འགྲམ། སྒྲོལ་མ་ཐང་ཆེན་དུ་བོད་མི་སྐལ་བཟང་སྦྱིན་པས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་ཡོད་འདུག
བསོད་ནམས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཁོང་རང་ལུས་མེར་སྲེག་བཏང་རྗེས། མི་མང་པོའི་སྐད་འབོད་རྒྱག་བཞིན་པ་ནི་རྒྱལ་དབང་བསྟན་འཛིན་རྒྱ་མཚོ་བོད་ལ་ཕེབས་བཅུག་དགོས། བོད་ལ་རང་དགོས་ཟེར་བ་དང་། རོང་བོ་དགོན་པའི་གྲྭ་མང་གཙོས་སེར་སྐྱ་མང་ཚོགས་ནས་སྨོན་ལམ་གསུང་བཞིན་པ་ wechat བརྒྱུད་ནས་དངོས་སུ་གོ་གི་འདུག་ཅེས་བརྗོད་སོང།
དཔའ་བོ་སྦྱིན་པ་ནི་རང་ལོ་༡༨དང་རེབ་གོང་མདོ་བ་འབྲོག་ནས་ཡིན་པ་དང་། ཁོང་ལ་སྤུན་མཆེད་བུ་༢ དང་བུ་མོ་གཉིས་ཡོད་པའི་ཁོང་གཉིས་པ་དེ་ཡིན་འདུག ཨ་ཕའི་མིང་ལ་གཅོད་པ་དང་ཨ་མ་མིང་ལ་བདེ་མཆོག་ཟེར་བ་གཉིས་ཡོད་འདུག་ལ། ཕལ་ཆེར་ཁོང་གཉིས་ཕ་ཚབ་དང་མ་ཚབ་ཡིན་པས་གནས་ཚུལ་འདུག
བསོད་ནམས་ཀྱིས་ཁ་པར་བརྒྱུད་བོད་ནང་དུ་འབྲེལ་བ་བྱས་པ་ལྟར་ན། དཔའ་བོ་སྦྱིན་པའི་སྐུ་ཕུང་མི་མང་གཅིག་ཁྲི་ལྷག་གིས་རེ་གོང་གདོད་རྒྱ་གླད་དུ་གདན་དྲངས་ཏེ་སྐུ་ཕུང་བཞུགས་འབུལ་གནང་ཡོད་འདུག ཁོང་གིས་གནས་ཆུལ་ཛ་དྲག་རེད། སྐད་ཆ་བཤད་འཚམས་བཞག་ཡོད་འདུག

ཁ་སང་དེ་རིང་རེབ་གོང་མདོ་བ་ཞང་གི་སློབ་ཆུང་སློབ་མས་རྒྱ་གཞུང་ལ་ངོ་རྒོལ་གྱི་སྐད་འབོད་བརྒྱབ་དང་རྒྱག་བཞིན་འདུག་པ་མ་ཟད་ངུ་སྐད་དང་བཅས་རེབ་གོང་རྫོང་ཐོག་ཏུ་བསྐྱོད་འཆར་ཡོད་ནའང། དེ་གའི་དགེ་རྒན་དང་ལས་བྱེད་པའི་བཀག་འགོག་བྱེད་བཞིན་ཡོད་འདུག
