དྲ་གྲོགས་ལྷ་ཐོག་བཀྲིས་ལ་ལན་དུ།

images/idoblog/upload/9816387411/preview/small_60172_2166468_17_502px.jpgནངས་མོའི་མོ་ལྟར་སྲོང་བཙན་སྒམ་པོའི་གཙུག་ལག་ཁང་བཟང་ལེགས་པར་གྲུབ།།

ཨོ་རྒྱན་པདྨའི་ཕྱོགས་བཞིར་མཁའ་འགྲོའི་ཚོགས་ཀྱིས་བསྐོར་ནས་སྲུང་མར་བརྟེན།།

གཡོ་ཅན་གུར་དཀར་གླིང་ལ་སྡང་སྟེ་གེ་སར་ཆམས་ལ་ཕབ་འདོད་ཆེ།།

ཨ་སྟག་ལྷ་མོས་བདུད་བསྟུལ་གླིང་བཞིར་རྒྱལ་ཁའི་ཉི་མ་ཤར་ལགས་སམ།།།།

དམག་དང་གཡུལ་ལས་བསྐྱེལ་བར་བྱང་སྐད་སྐྱེས་ཕོ་ཁོ་ནའི་འཇོན་ཐང་ཉིད།།

ཧོར་གླིང་འཁྲུག་གཞི་ས་དབང་བདག་དབང་དབང་ཆའི་འདོད་ཧམ་ཁོ་ནའི་རྐྱེན།།

ས་སྐྱ་པཎ་ཆེན་ཤེས་རབ་ཆེ་ཡང་བཙན་མོས་སྐྱེངས་པའི་རྒུན་ཆང་སྟེར།།

ལོ་རྒྱུས་ཁྲག་གིས་འབག་པའི་འཇིགས་སྣང་ནག་མོའི་བྱས་ཉེས་ཡིན་ལགས་སམ།།།།

 

མོ་ལུས་ལེན་ཚད་བཙན་གྱིས་བཀུག་འདི་སྐྱེས་ཕོ་ཚོ་ཡི་བརྗིད་ཉམས་ཡིན།།

ཉམས་ཆུང་མི་ཡོངས་བྲན་དུ་བཀོལ་མཁས་སྐྱེས་ཕོ་ཚོ་ཡི་རྒོད་གཏམ་ཉིད།།

ས་རྩོད་ཆུ་རྩོད་ཡུལ་ལུང་ཕྱོགས་བཞི་སྡུག་གི་ངུ་ངག་དབྱངས་སུ་གྱེར།།

སྤྲུལ་པའི་སྐུ་ཚོས་གསང་ཡུམ་སྤྱོད་མང་ནག་མོའི་སྡིག་པ་བགྲང་ལགས་སམ།།།།

 

ཤྭཀྱའི་དགེ་སློང་བསླབ་སྡོམ་གཙང་མིན་སྒེར་གྱི་ཉམས་རྟོག་ཚད་ལས་མཇལ།།

ཁྱོ་གས་གཡུག་པའི་དྭ་ཕྲུག་མང་པོ་ནངས་མོས་གསོས་པའི་ལོ་རྒྱུས་མང།།

ཨ་ཕའི་འཇོན་ནས་ཆུང་མ་མིན་པའི་ལོག་པར་གཡེམ་པའི་བྱུང་འབྲས་སུ།

ཤ་ནས་ཆད་པའི་དྭ་ཕྲུག་ཚོ་ཡང་ནག་མོའི་ཉེས་པ་ཡིན་ལགས་སམ།།།།

 

རྒོད་པོ་དག་གི་སྐྱོན་ཆེན་ཡིན་ཡང་དྲག་པོའི་སྟོབས་ནས་བཙན་གྱིས་བཟུང།།

ཕྱོགས་བཞི་མཚམས་བརྒྱད་ཡུལ་ལུང་ཀུན་གྱི་ཞི་བདེ་ལྷིང་འཇགས་ཡོངས་སུ་དཀྲོག།

བརྩེ་དུང་བཅུད་ལྡན་ཁ་ལ་འཁྱེར་ནས་ན་གཞོན་ལང་ཚོ་ཇི་ཙམ་བཅོམས།།

སེམས་བཞིན་བསམ་ན་དོན་དངོས་གཡོ་ཅན་ཕོ་རྒོད་འདི་དག་འཇིགས་སུ་རུང།།།།

 

ཁྱིམ་གཞིའི་ཕྱི་ནང་གཡོག་ལས་བྱང་བའི་ནངས་མོ་འདི་དག་སྙིང་རེ་རྗེ།།

བྱིས་ཕྲུག་དག་ལ་ཨ་ཕ་ཡོད་ངེས་མཐའ་མའི་དུས་སུ་ཨ་མས་བསྐྱངས།།

ཁ་བའི་ལྗོངས་སུ་ལོ་རྒྱུས་ནག་རིས་ཕོ་ཚོའི་འཇོན་པའི་འཇོན་རབ་ཀྱིས།།

སྐྱིད་གསུམ་སྡུག་གསུམ་ལུས་ལ་མྱོང་ཡོད་ཡུལ་འཁྱམ་ཡུ་མོ་ཤེས་ལགས་སམ།།།།