འུ་གཉིས་མ་གཏོགས་སུ་ཡང་མི་ལུས་པའི་བོད་ཁམས་ལ་ལྟ་བ།

ཚེ་སྲོག་མེ་ཞགས་ཀྱི་གུང་བུར་འཐིམ་ཐིམ་རེད།།

ཚར་གཅོད་དྲག་དཔུང་གི་གླུ་སྒྲ་ལེན་ལེན་རེད།།

མཇུག་འབྲས་ཏིལ་འབྲུ་བཞིན་ད་ནས་ཆུང་ཆུང་རེད།།

འཆི་གསོན་གྲངས་འབོར་གྱི་གཤིབ་སྡུར་བྱེད་རན་རེད།།

 

 

འཁྱོག་བཤད་རྫུན་གཏམ་གྱི་མཛུམ་མོ་གེར་གེར་རེད།།

རེ་སྒུག་རྨི་ལམ་གྱི་འཇའ་ཚོན་ཕར་ཕར་རེད།།

གཉིས་ཕན་བྱམས་སེམས་ཀྱི་ལམ་ཁ་དོག་དོག་རེད།།

གསོན་ཤུགས་གསར་བ་ཞིག་གང་ནས་འཚོལ་རན་རེད།།

 

མེར་སྲེག་ལས་འགུལ་གྱི་གསིར་དྲི་འཐུལ་འཐུལ་འཐུལ་རེད།།

མ་བུ་མཉམ་འཛོམས་ཀྱི་འདི་སྣང་འབྲལ་འབྲལ་རེད།།

ཚུར་ཕྱོགས་སྒྲིག་འཛུགས་ཀྱི་ལས་ཀ་ཉུང་ཉུང་རེད།།

ཟས་བཅད་ངོ་རྒོལ་དེ་ནང་ལ་བྱེད་རན་རེད།།

 

འདས་སོང་ཞལ་ཆེམས་རྣམས་ཁ་བ་འབབ་འབབ་རེད།།

དད་འདུན་རེ་འབོད་ཀྱི་ཨག་སྐད་གཅིག་གཅིག་རེད།།

མཁྲེགས་འཛིན་ལོག་སྤྱོད་ཀྱི་རྒོལ་གཏམ་གཏན་གཏན་རེད།།

འཚོ་ཐབས་གསར་བ་ཡི་ལམ་ལ་ཆས་རན་རེད།།

 

སྔོ་སྨོན་མཆོད་འབུལ་གྱི་ཆབ་སྲིད་འཁྲབ་འཁྲབ་རེད།།

འཕོ་འགྱུར་གསར་བ་ཞིག་རྟག་ཏུ་སྒུག་སྒུག་རེད།།

ཡིད་ཆེས་བརྫུན་མ་དེ་རྒྱུན་དུ་སྒོམ་སྒོམ་ལས།།

དོན་ལྡན་སྔོ་སྨོན་གྱི་ལམ་རྒྱགས་གནང་རན་རེད།།

 

ནུས་མེད་དྲིལ་བསྒྲས་ཤིག་གང་སར་བཤད་བཤད་རེད།།

འཇོན་མེད་འགྲོ་སོང་ཞིག་གང་དུ་བཏང་བཏང་རེད།།

ཡ་ལན་ཚོར་མེད་ཅིག་རྒྱ་ལ་བསྟན་བསྟན་ལས།།

བཙན་པོའི་དཔུང་ཚོགས་ཤིག་གྲ་སྒྲིག་བྱེད་རན་རེད།།