ཚོགས་འདུ་དེའི་དགོངས་དོན་ལ་སོམས་དང་།
ཚོགས་འདུ་དེའི་དགོངས་དོན་ལ་སོམས་དང་།
ཀོ་ཁུག་ནག་པོ་མཆན་འོག་ཏུ་བཙིར་ནས་འདུར་འདུར་གྱིས་འགྲོ་བ་དག་ནི
ཚོགས་འདུ་བ་དག་ཡིན་ཞིང
ཀོ་ཁུག་ནང་གི་མཚོན་ལྡན་པར་རིས་ཀྱིས་ལྷན་པའི་ཡིག་ཆ་རེ་རེ་བཞིན
ཁ་ལོ་བའི་དཔང་ཡིག་དང
དངུལ་ཁང་ནས་བླངས་བའི་བུན་ཡིག་ཡིན་པས
སུ་ཞིག་ཚོགས་འདུ་བའི་མུན་གླིང་གི་གསེར་སྒོ་དེར་ཞུགས་རྗེས
དྲི་ངན་གྱི་མར་ཁུ་ཞིམ་པོ་དེ་རང་དང་རང་གི་ཡན་ལག་ན་ལྡུག་གིན་ཡོད
གནག་ཅིང་སྨུག་པའི་རྡོ་ཤེལ་ལེབ་ལེབ་དེ་ཉིད
སྣ་རྩེར་གཟེར་བའི་བགྲེས་སོང་དེ
རྙོག་ཟིང་གིས་གཡོ་སྐྱོམ་བྱེད་པའི་ཚོགས་འདུ་དེའི་ཁྲུན་ཐག་གང་ཞིག་གཅད་པར
ཐག་རིང་ནས་གདན་ཞུ་བྱས་ནའང
བགྲེས་པོ་དེའི་མྱུར་སྟབས་ཀྱིས་འགྱུ་བའི་རྡོ་ཤེལ་ལྟག་གི་མིག་ཟུང་ན
གློ་བུར་དུ འཇོ་སྒེག་གི་སྒྲོལ་མ་གསར་པ་འགའ་ཡོང་སྟེ
བརྩེ་འཕྲིན་བསྐུར དགའ་མགུར་བླངས་རྗེས
ཚོགས་འདུ་ཡང ད་གཟོད ནང་མ་ཁང་འདྲ་བར་གྱུར
སྣུམ་ཤིག་ཤིག་གི་ལྕང་ལོ་གྱེན་དུ་ཤད་པའི་དཔོན་པོ་དེས
གླང་དམར་རྟགས་ཅན་གྱི་ཐ་མག་ཅིག་མེ་ལ་བསྒྲོན་ཏེ
སེམས་ངལ་གང་ཞིག་མེ་ལ་བསྲེགས་པ་བཞིན
དུ་བའི་ཨ་ལོང་འགའ་ཞིག་ཕུ་ལ་བསྐུར་རྗེས
ཚོགས་འདུ་དངོས་གཞིའི་གླེང་མོལ་མགོ་འཛུགས
མཆུ་ཏོ་ས་ལ་བཙུགས་པའི་གཉོམ་ཆུང་དག་གིས
ཕྱི་རོལ་ནས་ཀུ་ཅོ་ཇི་ལྟར་བརྒྱབ་ནའང
དཔོན་པོའི་བཟའ་མི་དང་རྐུབ་སྟེགས་ཀྱི་རྩིབས་མར་འབྱུར་བའི་ཆང་གྲོགས་ཚོས
ལྷིང་འཇགས་ཀྱི་ཚོགས་ཁང་ཡང་དལ་བུར་འགྱོག་གིན་འདུག
ཁ་སྤུ་སྟུག་པོ་ཅན་གྱི་ཚོགས་འདུ་བ་དེས
ཡིག་ཉོག་འགའ་ཚུར་འདྲུད་ཡོང་ནས
རྒྱུན་འབྱམས་སུ་སོང་བའི་ཐ་སྙད་འགའི་དྲི་ངན་བདུག་སོང
ཚོགས་ཞུགས་པ་མཐའ་དག་གིས
རྙིང་དྲེག་འཆགས་པའི་ཡིག་ལྐོག་འགའི་ས་རྡུལ་སྤྲུག་སྤྲུག་བྱས་རྗེས
རང་རང་གི་གཞིས་ཀ་ན་ཕྱིར་ལོག་བྱས
འཁོད་ཡངས་པའི་ཚོགས་ཁང་ན
ཆང་དྲི་དང་ཐ་མག་འཕྲོ་མ་འགའ་ལས་ཅི་ཡང་ལྷག་མི་འདུག
2012/ 11/ 6
