༄༅།། ལྕང་སྡོང་འོག་གི་ཚོར་འདུ།
ལྕང་སྡོང་ལོ་མའི་འོག་ནས།།
འཇམ་རླུང་གཡུགས་ཐེངས་རེ་ལ།།
རེ་སྒུག་མིག་ཟུང་ལྷོད་མེད།།
ནུབ་ཁའི་ཕྱོགས་སུ་ཤོར་སོང་།།
སྙན་པོའི་གླིང་བུ་འབུད་བཞིན།།
མི་ཚོགས་དཔུང་སྡེའི་ཁྲོད་ནས།།
འཆི་གསོན་བར་ཀྱི་སྐད་ཆ།།
སེམས་ལ་འཁོར་ནས་སྒུག་ཡོད།།
གླེན་པ་ཉམ་ཆུང་བདག་གིས།།
མུན་ནག་འོག་རིམ་ཁྲོད་ན།།
འབྱུང་འགྱུར་གསར་བའི་འོད་ཟེར།།
སེམས་ལ་བྲིས་ནས་སྒུལ་ཡོད།།
སྒྱུ་རྩལ་སྙན་ངག་མེད་མོད།།
ཚོར་བའི་རྦ་རླབས་འཕྱུར་སྐབས།།
བྲེལ་འཚུབ་ཆེ་བའི་ངང་ནས།།
བཅོས་མིན་སོར་རྩེས་ཤོར་སོང་།།
གསེར་རྟ་བསོད་ནམས་ཕུན་ཚོགས་སམ་དཔལ་ཤུལ་འབྲོང་སྲས་སུ་
འབོད་པས་སུག་བྲིས་སོ།། ༢༠༡༢ ༡༡ ༨