༄༅།། ངའི་ཕ་ཡུལ་གསེར་མོ་ལྗོངས།
ལྔ་རིག་གསེར་ལྗོངས་སྐྱིད་པའི་ཞིང་ནས།།
བདེ་སྐྱིད་བརྗེད་མེད་ཚོར་བའི་ཡོ་ལང་།།
བུ་ངའི་སེམས་ནས་དྲན་ཐེངས་རེ་ལ།།
གསེར་ལྡན་ལྷ་ཡི་ཕ་ཁྱིམ་དྲན་ནོ།།
གསེར་ལྗོངས་འབྲོང་རིའི་བརྗིད་ཉམས་སྨུག་པོ།།
གསེར་ཆུ་སེར་པོའི་སྙན་གླུ་རིང་མོ།།
ས་མཐའི་བུ་ངའི་སེམས་ལ་འཁོར་སྐབས།།
སྐྱིད་པའི་ལྷ་ཡུལ་གཉིས་པ་དྲན་ནོ།།
སེ་བོའི་རི་རྒྱལ་བརྗིད་སའི་ཡུལ་ལྗོངས།།
གདོང་ར་སྨུག་པོའི་ཐུགས་སྒམ་ཡངས་ས།།
རྔ་ལ་སྟག་རྩེའི་དབུ་འཕང་མཐོ་ས།།
དེ་རིང་བྱང་ཕྱོགས་འདི་ནས་དྲན་ནོ།།
མུ་མཐའ་མེད་པའི་རྩྭ་ཐང་ཡངས་ས།།
དམ་ཆེན་གནས་ཀྱི་གཟི་བྱིན་འབར་ས།།
ན་ཆུ་གཡའ་ཆུའི་མཛེས་བགོད་མང་ས།།
དྲན་པའི་ངོས་སུ་དྲན་ཐེངས་མང་ངོ་།།
གསེར་ཆུ་སྙི་ཆུའི་དབྱངས་རྟ་སྙན་ས།།
ནགས་ཚུལ་སྤང་ལྗོངས་ལང་ཚོ་དར་ས།།
ནོར་ནག་ལུག་ཁྱུའི་འཕེལ་ཁ་ཆེ་ས།།
མཛེས་པའི་ཕ་ཡུལ་གསེར་རྟ་དྲན་ནོ།།
སྦྲ་ནག་སྦྲ་དཀར་མིག་ལ་བགོད་ས།།
རོང་འབྲོག་གཉིས་ཀྱི་འཚོ་བ་རྒྱས་ས།།
རྒན་དར་གཞོན་གསུམ་ཐུགས་བརྩེ་ཟབ་ས།།
ང་ཡི་ཕ་ཡུལ་གསེར་རྟ་དྲན་ནོ།།
རི་ཆུའི་མཛེས་བགོད་གཞན་ལས་ལྷག་ས།།
འཛུམ་པའི་འོད་སྣང་ཁྱད་དུ་འཕགས་ས།།
བྱམས་ལྡན་བརྩེ་བའི་མཚོ་མོ་འཁྱིལ་ས།།
བུ་ངའི་སེམས་ན་དྲན་ཐེངས་གྲངས་མེད།།
སྟག་རྣ་གཟིག་རྣའི་རི་བོའི་འགྲམ་ན།།
གསེར་མཚོ་འོ་མཚོའི་བརྩེ་གླུ་ལེན་ས།།
རི་སྐྱེས་སྣ་ཚོགས་བག་ཡངས་རྒྱུ་ས།།
བརྗེད་མེད་གསེར་རྟའི་ཕ་ཁྱིམ་གླེང་ཤོར།།
ས་མཐའི་ཡུལ་ནས་ཕ་ཡུལ་གསེར་རྟ།།
དྲན་པའི་དཀྱིལ་ལ་བྲིས་པའི་རི་མོ།།
བསུབ་རྒྱུ་མེད་པའི་འཆར་སྣང་གྲངས་མེད།།
གསེར་སྨྱོན་བུ་ངའི་སེམས་ལ་བསགས་ཡོད།།
རྡ་སའི་རི་གྲོང་འགྲམ་ནས་ཤོར་བའི།།
ཕ་ཡུལ་དྲན་པའི་འཆར་སྣང་གསོན་པོ།།
དེ་རིང་རྩིས་འཕྲུལ་འཆར་སྒམ་ངོས་སུ།།
གསེར་རྟ་འབྲོང་སྲས་ང་ཡི་ཤོར་སོང་།།
དཔལ་ཤུལ་འབྲོང་སྲས་སུ་འབོད་པས་བྲིས་སོ།། ༢༠༡༢ ༡༡ ༤