མངོན་འདོད་འགྲུབ་ལ་ཉེ་བའི་བོད་ཀྱི་བདེན་དོན།
རྩོམ་ཡིག་འདི་བཞིན་གསར་འགོད་པ་དོན་གོ་ལགས་ཀྱིས་དུས་བབ་ཏུ་བཀོད་འདུག་པ་བཞིན་ཧ་ཅང་གལ་ཆེན་དུ་མཐོང་ནས་ ཀློག་པ་པོ་རྣམ་པས་ཐུགས་སྣང་ཡོང་སླད་སླར་འདིར་བཀོད་པ་ལས་བརྐུས་བཤུས་རིགས་སུ་མ་དགོངས་རོགས་ཞུ་བ་ལགས་སོ།།
རྒྱ་ནག་དམར་ཤོག་སྐབས་ ༡༨ པའི་ཚོགས་ཆེན་འཚོག་ལ་ཉེ་སྐབས་དང་བསྟུན་ཏེ། བོད་ནང་གི་སློབ་ཆེན་ཁག་གི་དགེ་སློབ་དང་། དགོན་སྡེ་ཁག་གི་དགེ་འདུན་པ་ཁག་ཅིག་གིས་བོད་ཀྱི་གནད་དོན་སྐོར་གྱི་རེ་འདུན་ཞུ་ཡིག་ཅིག་རྒྱ་ནག་དབུས་གཞུང་ལ་ཕུལ་འདུག བོད་ནས་གསར་དུ་འབྱོར་བའི་བོད་མི་ཞིག་གིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༨ ནས་ ༡༤ བར་རྒྱ་ནག་དམར་ཤོག་སྐབས་ ༡༨ པའི་ཚོགས་ཆེན་རྒྱ་ནག་པེ་ཅིན་དུ་སྐོང་འཚོགས་བྱེད་བཞིན་པ་ལྟར། ཕྱི་ཟླ་ ༡༠ ཚེས་ ༥ ཉིན་རྒྱ་གཞུང་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་དང་། རྒྱལ་ཡོངས་དམངས་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་བཅས་ལས་ཁུངས་ཁག་ལ། བོད་ནང་གི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་དང་ནུབ་བྱང་མི་རིགས་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན། མཚོ་སྔོན་སློབ་གསོ་སློབ་ཆེན་བཅས་སློབ་ཆེན་ཁག་དང་། མཚོ་ལྷོ་དགེ་ཐོན་སློབ་གྲྭ དེ་བཞིན། བོད་ཁུལ་གྱི་མཐོ་འབྲིང་སློབ་གྲྭ་ཁག་གི་དགེ་སློབ་ཁག་ཅིག་དང་། དགོན་སྡེ་ཁག་གི་དགེ་འདུན་པ་ཁག་ཅིག་བཅས་མཉམ་རུབ་ཐོག མཚན་རྟགས་བཀོད་པའི་རེ་འདུན་ཞུ་ཡིག་ཅིག་ཕུལ་ཡོད་འདུག རེ་འདུན་ཞུ་ཡིག་དེར་གཙོ་བོ་དོན་ཚན་བརྒྱད་ཀྱི་སྟེང་ནས་བྲིས་ཏེ་ཁོང་ཚོའི་མཚན་རྟགས་དང་མཉམ་དུ་ཕུལ་ཡོད་འདུག་ལ། དོན་ཚན་དང་པོ། སྤྱི་ཚོགས་འཆམ་མཐུན་དང་བརྟན་འཇགས་ཀྱི་རྩ་བ་ནི། མི་རིགས་འདྲ་མཉམ་དང་མི་རིགས་ཕན་ཚུན་བར་བརྩི་མཐོང་། སྲིད་འབྱོར་རང་དབང་དང་བཙན་གནོན་མེད་པའི་ཁོར་ཡུག་བཅས་ཡིན་སྟབས། རྒྱ་ནག་དབུས་གཞུང་གིས་མི་རིཊ་ལ་བརྩི་མཐོང་དང་བཙན་གནོན་མེད་པའི་ཁོར་ཡུག་བསྐྲུན་པར་བསམ་བློ་གཏོང་རྒྱུ། གཉིས་པ། བོད་རིགས་ཀྱི་རང་སྐྱོང་ལྗོངས་དང་ཁུལ། རྫོང་བཅས་སུ་ཡོད་པའི་སྲིད་གཞུང་གི་ལས་ཁུངས་ཁག་ཏུ་རྒྱའི་སྐད་ཡིག་དང་འདྲ་མཉམ་ཐོག བོད་སྐད་དང་བོད་ཡིག་བེད་སྤྱོད་གཏོང་རྒྱུར་འདྲ་མཉམ་ཐོབ་ཐང་སྤྲོད་རྒྱུ་དེ་མི་རིགས་འདྲ་མཉམ་གྱི་རྨང་གཞི་ཡིན་སྟབས་གཞུང་ཕྱོགས་ནས་དེའི་ཐད་བསམ་བློ་གཏོང་རྒྱུ། གསུམ་པ། བོད་མི་རིགས་གཞི་རྩའི་གོང་འཕེལ་གཏོང་བར་སྡོད་ཁང་གསར་རྒྱག་སོགས་ཕྱིའི་འཛུགས་སྐྲུན་གཅིག་པུ་མིན་པར། བོད་ཀྱི་སྐད་ཡིག་སྡེ་ཁག་ཡོད་པའི་མི་རིོགས་སློབ་ཆེན་ཁག་ཏུ་བོད་ཀྱི་ལོ་རྒྱུས་དང་ཆབ་སྲིད། ཁྲིམས་ལུགས། དཔལ་འབྱོར། ཚན་རིག སྤྱི་ཚོགས་རིག་པ་བཅས་ཆེད་ལས་མཁས་པ་སྐྱེད་སྲིང་བྱེད་སའི་སྡེ་ཁག་གསར་འཛུགས་ཀྱིས་བོད་རིགས་ཤེས་ལྡན་པ་མང་པོ་སྐྱེད་སྲིང་བྱ་དགོས་པ་དང་། དེ་ནི་མི་རིགས་འཕེལ་རྒྱས་ཀྱི་གཞི་རྩའི་ལམ་སྲོལ་དང་། ཤེས་རིག་གསར་པ་དར་སྤེལ་གྱིས་མིོ་རིགས་གོང་འཕེལ་འགྲོ་བའི་གཞི་རྩ་ཡིན་སྟབས། དེའི་ཐད་བསམ་བློ་གཏོང་རྒྱུ། བཞི་པ། བོད་ཁུལ་གྱི་སློབ་འབྲིང་ཁག་གི་སློབ་དེབ་ཆ་ཚང་རྒྱ་ཡིག་ཏུ་སྒྱུར་བ་དེ་མི་རིགས་མཐོང་ཆུང་གི་སྲིད་ཇུས་གདུག་རྩུབ་ཅན་ཞིག་ཡིན་སྟབས། རྒྱ་ནག་དབུས་གཞུང་གིས་ངེས་པར་དུ་བསྒྱུར་བཅོས་བྱ་རྒྱུ། ལྔ་བ། བོད་མི་རིགས་ནི་ཕྱིའི་དཔལ་ཡོན་ཁོ་ནར་རྩོད་ལེན་དང་གདེང་འཇོག་བྱེད་མཁན་གྱི་མི་རིགས་ཤིག་མིན་པར། བསམ་པའི་དཔལ་ཡོན་དང་དངོས་པོའི་དཔལ་ཡོན་འདྲ་མཉམ་ཐོག་མཐོང་ཆེན་དང་གདེང་འཇོག་བྱེད་མཁན་ཞིག་དང་། བསམ་པའི་དཔལ་ཡོན་དེ་དངོས་པའི་དཔལ་ཡོན་ལས་གཙོ་ཆེར་མཐོང་ཆེན་བརྩི་འཇོག་བྱེད་པའི་མི་རིཊ་ཤིག་ཡིན་སྟབས། བོད་ཁུལ་དུ་ཆོས་ལུགས་དད་མོས་དང་གནས་སྟངས་ལ་བསྟུན་ཏེ་རང་དབང་དང་ཐོབ་ཐང་སྤྲོད་རྒྱུ། དྲུག་པ། བོད་ཀྱི་ས་ཆར་ཆབ་སྲིད་ཀྱི་དབང་ཆ་ཡོད་པའི་བོད་རིགས་ལས་བྱེད་གསོ་སྐྱོང་བྱ་བར། གུང་ཁྲན་ཏང་གི་མངོན་འདོད་དང་དགོས་འདུན་ཁོ་ནར་དམིགས་ཏེ་དགོན་སྡེ་ཁག་ཏུ་དོ་དམ་ཞབས་ཞུ་བསྒྲུབ་རྒྱུ་མིན་པར། ཆབ་སྲིད་ཀྱི་དབང་ཆ་ངོ་མ་ཡོད་པའི་བོད་རིགས་ལས་བྱེད་གསོ་སྐྱོང་བྱ་རྒྱུ། བདུན་པ། བོད་ཁུལ་དུ་རྒྱ་རིགས་དང་ཁ་ཆེ་བཅས་མི་རིགས་མང་པོ་གནས་སྤོར་བྱས་ཏེ། བོད་ཀྱི་ས་ཆའི་བདག་པོ་ངོ་མ་གྲངས་ཉུང་མི་རིགས་དུ་འགྱུར་བཞིན་པའི་གནས་སྟངས་དེས། བོད་རིགས་མང་པོ་ཞིག་གི་སེམས་ལ་ཕོག་ཐུག་འགྲོ་བཞིན་པ་དང་བློ་འཚབ་སྐྱེ་གཞི་ཞིག་ཡིན་པས་དེ་ལ་བསམ་བློ་གཏོང་རྒྱུ། བརྒྱད་པ། དབུས་གཞུང་གི་གཏན་འབེབས་བྱས་པའི་ཁྲིམས་སྲོལ་མི་རིགས་རང་སྐྱོང་གི་སྲིད་ཇུས་ངོ་མ་ལག་བསྟར་གཙང་མ་བྱ་རྒྱུ་དང་། བོད་ཀྱི་ས་ཁུལ་དུ་ཚད་ལས་བརྒལ་བའི་གཏེར་ཁ་སྔོག་འདོན་དང་། འབྲོག་པ་གྲོང་རྡལ་ཅན་དུ་བསྒྱུར་བའི་སྲིད་ཇུས་དེ་བསྒྱུར་བཅོས་བྱ་རྒྱུ། བོད་མི་རིགས་ནི་ལོ་ངོ་སྟོང་ཕྲག་དུ་མའི་རིང་ལྷ་ཀླུ་བསྙེན་བཀུར་དང་། ནང་ཆོས་ཀྱི་རིག་གཞུང་ལྟར་ཁོར་ཡུག་སྲུང་སྐྱོབ་བྱས་ཏེ་འཚོ་བ་རོལ་གྱིན་པའི་མི་རིགས་ཤིག་ཡིན་སྟབས། བོད་པའི་རིག་གནས་དང་གོམས་གཤིས་སོགས་ལ་ཚད་ལས་བརྒལ་བའི་རྡོག་བརྫིས་གཏོང་བཞིན་པ་དེས། བོད་མིའི་སེམས་ཁམས་ལ་བཟོད་ཐབས་བྲལ་བའི་ན་ཟུག་ཡོད་སྟབས། གནད་དོན་དེའི་ཐད་བསམ་བློ་གཏོང་རྒྱུ་བཅས་དོན་ཚན་ཆེན་པོ་བརྒྱད་ཀྱི་ཐོག་ནས་རྒྱ་ནག་དབུས་གཞུང་ལ་རེ་འདུན་ཞུ་ཡིག་ཅིག་ཕུལ་ཡོད་འདུག གཞན་ཡང་། ༢༠༡༠ ལོར་ ༼མཚོ་སྔོན་ཞིང་ཆེན་གྱི་དུས་ཡུན་རིང་འབྲིང་གི་སློབ་གསོའི་བཅོས་སྒྱུར་དང་འཕེལ་རྒྱས་འཆར་འགོད་རྩ་དོན ༢༠༡༠ ལོ་ནས་ ༢༠༢༠ ལོར༽ ཞེས་པའི་སྲིད་ཇུས་འོག མཚོ་སྔོན་གྱི་བོད་རྒྱ་སྐད་ཡིག་ལ་གཙོ་ཕལ་དབྱེ་རྒྱུ་དང་། སློབ་ཁྲིད་སྐད་ཡིག་གཅིག་གྱུར་བཅོས་སྒྱུར་སོགས་གལ་ཆེའི་གནད་དོན་དང་འབྲེལ་ཞིང་། དེའི་ཐོག་སློབ་གསོ་སྲིད་འཛིན་སྡེ་ཁག་དང་ས་གནས་རེ་ཟུང་གིས་བྲེལ་འཚུབ་དང་། མགྱོགས་མྱུར། བཙན་ཤུགས་ཀྱིས་ཁྱབ་སྤེལ་གཏོང་རྒྱུ་ཐག་གཅོད་བྱས་པའི་དབང་གིས། ས་ཁུལ་ཁག་གི་སློབ་ཕྲུག་དང་ཁྱིམ་བདག་གི་ཐུགས་བློ་མ་ཚིམས་པར། ལོ་དེའི་ཕྱི་ཟླ་ ༡༠ ཚེས་ ༡༩ ནས་བཟུང་རྨ་ལྷོ་དང་མཚོ་ལྷོ། མགོ་ལོག མཚོ་ནུབ་བཅས་བོད་རིགས་རང་སྐྱོང་ཁུལ་བཞིའི་སློབ་གྲྭ་ཆུང་འབྲིང་གི་སློབ་མས་སྲང་ལམ་དུ་ཁྲོམ་སྐོར་དང་། སློབ་གྲྭའི་ནང་འདུ་འཛོམས་ཀྱི་རྣམ་པའི་ཐོག་ནས་ངོ་རྒོལ་བྱུང་ཡོད་པ་རེད། དེར་བརྟེན། ༢༠༡༠ ལོའི་ཕྱི་ཟླ་ ༡༠ ཚེས་ ༢༤ ཉིན་མཚོ་སྔོན་ཟི་ལིང་ས་ཁུལ་གྱི་བོད་རིགས་ལས་འཁྱུར་རྒན་ཡོད་ལས་བྱེད་དང་སློབ་གསོའི་ལས་དོན་སྒྲུབ་མཁན་ཁག་གིས། ༼མཚོ་སྔོན་ཞིང་ཆེན་བོད་རྒྱ་སྐད་གཉིས་ཀྱི་དུས་ཡུན་འབྲིང་རིང་གི་བཅོས་སྒྱུར་གནད་དོན་ཐད་ཀྱི་མཚོ་སྔོན་ཞིང་ཆེན་བོད་རྒྱ་སྐད་གཉིས་ཀྱི་དུས་ཡུན་འབྲིང་རིང་གི་བཅོས་སྒྱུར་གནད་དོན་ཐད་ཀྱི་བསམ་འཆར༽ཞེས་པའི་སྙན་ཞུ་ཞིག་ཀྱང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། རྒྱལ་ཡོངས་དམངས་ཆེན་མི་རིགས་ལས་དོན་ལྷན་ཁང་། རྒྱལ་ཁབ་དམངས་འཐུས། རྒྱལ་ཁབ་སློབ་གསོ་པུའུ། རྒྱལ་ཡོངས་སྲིད་གྲོས་དམངས་འཐུས། ཞིང་ཆེན་གྱི་རྒྱུན་ལས་ལྷན་ཁང་ཁག་དང་ཞིང་ཆེན་དམངས་ཆེན། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་ཀྱི་དབུ་ཁྲིད་དང་འབྲེལ་ཡོད་སྡེ་ཁག ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ། ཞིང་ཆེན་མི་རིགས་ཆོས་དོན་ལྷན་ཁང་། ཁུལ་དྲུག་གི་ཏང་ཨུ་དང་དམངས་ཆེན། སྲིད་གཞུང་། སློབ་གསོ་ཅུའུ་བཅས་ལ་ཕུལ་ཡོད་པ་རེད།