༄༅།།ཁ་སང་གི་གཏམ་རྒྱུད་།།

ཁ་སང་མཚན་མོ་གཏམ་རྒྱུད་གོ་དུས་།།

ལུས་ཟུངས་ཡོངས་ལ་ཚ་གྲོས་རྒྱས་།།

ངོ་གདོང་ལེབ་མོ་མིག་ཆུས་བརླན་དུས་།།

སྙིང་ཆུང་དམར་པོ་ཡང་ཡང་འདར་།།

ཨ་ཕ་རྒན་པོས་མེ་ལྕེའི་ཁྲོད་ནས་།།

ཀུན་གྱིས་མ་ནུས་ཀི་སྒྲ་བསྒྲགས་།།

ལག་ཟུང་ཐེལ་མོ་སྙིང་ཀར་སྦྱར་ནས་།།

རྩ་བའི་བླ་མའི་མཚན་ནས་འབོད་།།

ཤུལ་ལུས་ཟ་ཟླས་ངུ་འབོད་བྱེད་བཞིན་།།

གྲོང་གི་སྟོད་སྨད་གང་སར་བརྒྱུགས་།།

གཅེས་ཕྲུག་ཆུང་ཆུང་ལག་དུ་ཁྲིད་དེ་།།

སྡེ་བ་ཡོངས་ལ་སྐྱོ་ལུགས་བཤད་།།

ལོ་ཆུང་གཞོན་་ནུས་རིགས་ཀྱི་ལྟ་བ་།།

སྙིང་གི་དབུས་སུ་བཅང་མཛད་དེ་།།

ས་ཡ་དྲུག་ལ་ཞལ་ཆེམས་བཞག་སྟེ་།།

རང་གི་ཚེ་སྲོག་མེ་ལྕེས་བསྲེགས་།།

སྡེ་བ་ཡོངས་ཀྱི་རྒྱབ་ནས་ལངས་ཏེ་།།

རིགས་ཀྱི་བདེ་སྡུག་ངག་ནས་འབོད་།།

དམར་པོ་རྒྱ་ཡི་སྲིད་གཞུང་འགྲམ་ནས་།།

ཞི་བའི་ངོ་རྒོལ་རྒྱ་ཆེར་བྱས་།།

ཕྱི་གླིང་ཡུལ་གྱི་སྤུན་ཟླའི་ཚོགས་ནས་།།

ཁ་བའི་ལས་དབང་གོ་ལར་བསྒྲགས་།།

གནས་ལུགས་དུ་མས་རྒྱབ་བརྟན་མཛད་དེ་།།

དམར་པོ་རྒྱ་ལ་ཁ་འཛིང་བྱས་།།

དེ་ལྟར་ཁ་སང་ཁ་བའི་གཏམ་རྒྱུད་།།

དེ་རིང་དྲན་ཚེ་ཡིད་སེམས་གདུང་།།

གཞི་ལུས་སྤུན་ཟླའི་སྙིང་སྟོབས་དྲན་དུས་།།

སླར་ཡང་སྐྱོད་པའི་སྤོབས་སེམས་སྐྱེས་།།

བློ་སེམས་མ་ཞུམ་བདག་གི་སྤུན་ཟླ་།།

བདེན་པ་གསལ་བའི་དུས་ཤིག་འོང་།།

སྲོག་ལ་ཐུག་ཀྱང་རྒྱ་ལ་མ་གུས་།།

འཆི་བ་དོན་ལྡན་མཛད་དུ་གསོལ་།།

ཅིས་པ་འདི་ནི་སྟག་ཚང་རིགས་རྒོད་ཀྱིས་སྤྱི་ལོ་༢༠༡༢ཟླ་བ་༡༡ཚེས་༡༤ཉིན་ཤ་ཁྲག་གཅིག་པ་ཡོངས་ལ་ཕུལ་།།