སུད་སི་རྒྱ་ནག་གཞུང་ཚབ་མདུན་དུ་བོད་མིའི་ངོ་རྒོལ།
ཟླ་འདིའི་ཚེས་༡༥ ཉིན་གྱི་སྔ་དྲོ་བོད་ནང་གི་ཛ་དྲག་གི་གནས་སྟངས་དང། ལྷག་པར་ཉེ་བའི་ཆར་རང་ལུས་མེར་སྲེག་སྟུན་མར་བྱུང་བ་སོགས་ཀྱི་ཆེད་དུ་སུད་སིར་གནས་སྡོད་པ་བོད་རིགས་ཁག་ཅིག་དང་བོད་དོན་རྒྱབ་སྐྱོར་བ་སོགས་མི་གྲངས་ཉི་ཤུ་ལྷག་ཙམ་ཞིག་གིས། སུད་སི་རྒྱལ་སའི་རྒྱ་ནག་གཞུང་ཚབ་ཏུ་ངོ་རྒོལ་བྱས་ཡོད་པ་རེད།
དེ་ཡང་ས་གནས་ནས་སྟག་ལྗོངས་པ་འཆི་མེད་སངས་རྒྱས་ཀྱིས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། ཉིན་དེར་རྒྱ་ནག་གཞུང་ཚབ་སྒོ་རུ་ངོ་རྒོལ་ལས་འགུལ་སྤེལ་རྒྱུར་གནས་གཞུང་གི་ཆོག་མཆན་མེད་བཞིན་དུ་རྒྱ་ནག་གཞུང་ཚབ་ཀྱི་མདུན་དུ་སོང་ནས་ཆུ་ཚོད་གཉིས་ཙམ་ལ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་གིས་ངོ་རྒོལ་སྐད་འབོད་དང། ལས་འགུལ་སྣེ་ཁྲིད་པས་འཇར་མན་གྱི་སྐད་ཐོག་ནས་བོད་ཀྱི་ཛ་དྲག་གནས་བབས་སྐོར་ལ་གཏམ་བཤད་ཀྱང་གནང་སོང། གཏམ་བཤད་སྐབས་བོད་ནང་གི་ཛ་དྲག་གི་གནས་སྟངས་འདི་བཞིན་རྒྱ་ནག་གི་མགོ་འཁྲིད་གསར་པ་ཚོས་ངེས་པར་དུ་འགྱུར་བ་གཏང་དགོས་པ་མ་ཟད། འཛམ་གླིང་ནང་མང་གཙོའི་རྒྱལ་ཁབ་ཁག་གི་ཁྲིམས་སྒྲིག་ལ་མིག་དཔེ་བལྟ་ནས་བོད་ནང་གི་གདུག་རྩུབ་ཅན་གྱི་སྲིད་ཇུས་འདི་བཞིན་མྱུར་དུ་མཚམས་འཇོག་དགོས་པ་སོགས་ཀྱི་དོན་མཚན་ཁག་ཅིག་བཏོན་ཡོད་པ་རེད། ཉིན་དེར་རྒྱ་ནག་གི་གཞུང་ཚབ་ཀྱིས་སྒོ་དང་སྒེའུ་ཁུང་ཚང་མ་བརྒྱབ་སྟེ་ནང་དུ་སྡོད་དགོས་བྱུང་བ་དང་། གསར་འགྱུར་བརྒྱུད་ལམ་ཁག་ནས་ཧ་ཅང་དོ་སྣང་ཆེན་པོ་བྱས་ཡོད་འདུག
ལས་འགུལ་སྤེལ་དེ་ཆུ་ཚོད་གཉིས་ཙམ་གྱི་རྗེས་ས་གནས་ཉེན་རྟོག་པས་མཚམས་འཇོགས་དགོས་སྐོར་བརྗོད་སྐབས། བོད་མི་ཁག་ཅིག་གིས་ད་དུང་མུད་འཐུད་ནས་སྐད་འབོད་ངོ་རྒོལ་བྱས་འདུག་མོད། ལས་འགུལ་སྣེ་ཁྲིད་པས་མ་འོངས་པ་ལས་འགུལ་སྤེལ་སྐབས་ལམ་ཁར་སྐྱོན་མི་ཡོང་ཆེད་དུ་དེ་རིང་གི་ལས་འགུལ་མཚམས་འཇོག་གནང་རོགས་ཞེས་གསུངས་ནས། ཉིན་དེའི་ལས་འགུལ་མཚམས་བཞག་ཡོད་པ་རེད།།
