བཙོན་འོག་ཏུ་ཚུད་པའི་རྩོམ་པ་པོའི་ཉིན་མོ་སྲུང་བརྩི།

ཟླ་འདིའི་ཚེས་༡༥ ཉིན་གྱི་ཕྱི་དྲོ་རྒྱལ་སྤྱིའི་བཙོན་འོག་ཏུ་ཚུད་པའི་རྩོམ་པ་པོའི་ཉིན་མོ་སྲུང་བརྩིའི་དུས་དྲན་ཐེངས་༣༡ པ་དེ་པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ངོས་ནས་དྷ་ས་མེག་གྷན་ཉིན་མོའི་སློབ་གྲྭ་རུ་སྲུང་བརྩི་བྱས་ཡོད་པ་རེད།

woser_2012_11_15དུས་དྲན་སྲུང་བརྩིའི་ཐོག་རྩོམ་པ་པོའི་མཐུན་ཚོགས་ཀྱི་དྲུང་ཆེ་གཡུ་སྒང་འོད་ཟེར་གྱིས་ཉིན་མོ་འདི་རྒྱལ་སྤྱིའི་པེན་གྱི་ངོས་ནས་ས་གནས་མང་པོར་བརྩི་བྱེད་ཀྱི་ཡོད་སྐོར་དང་། གཙོ་བོ་རྩོམ་པ་པོ་བཙོན་འོག་ཏུ་ཡོད་པའི་རྩོམ་པ་པོ་ཚོར་རང་དབང་ཐོབ་ཆེད་དུ་ཡིན་སྐོར་བཅས་ངོ་སྤྲོད་དང་། རྒྱལ་སྤྱིའི་པེན་དང་། པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ངོ་སྤྲད་གནང་ཡོད་པ་རེད།

kalsang_gyaltsen_2012_11_15བོད་མི་མང་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་གྱིས་རྒྱ་ནག་གི་རྩ་ཁྲིམས་དང་རྒྱའི་བཙོན་འོག་ཏུ་ཚུད་པའི་སོག་པོ་དང་། ཡུ་གུར། རྒྱ་རིགས་བཅས་ཀྱི་རྩོམ་པ་པོའི་སྐོར་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་སྐབས། ཁོང་གིས་རྩོམ་པ་པོའི་མཐུན་ཚོགས་སྐོར་གསུང་དོན། རྩོམ་པ་པོའི་རང་དབང་གི་རྩོམ་ཡིག་བྲིས་པ་དང་། གཞུང་གི་ལས་ཀ་མ་འགྲིག་པའི་རིགས་ལ་སྐྱོན་བརྗོད་ཀྱི་རྩོམ་ཡིག་བྲིས་རྗེས། ཁོང་ཚོར་རྡུང་རྡེག་དང་མནར་གཅོད་ཐེབས་པ་དེ་ཚོ་སྲུང་སྐྱོབ་ཀྱི་ཆེད་དུ་རྩོམ་པ་པོའི་མཐུན་ཚོགས་བཙུགས་ཀྱི་ཡོད་པ་རེད་ཅེས་དང་། རྒྱལ་སྤྱིའི་པེན་ནང་དུ་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཞུགས་ཐུབ་པ་དང་། ཚོགས་འདུ་མང་པོར་བཅར་ཐུབ་ཡོད་པ་རེད། ཡིན་ནའང། བོད་ནང་གི་བོད་ཀྱི་རྩོམ་པ་པོ་མང་པོ་ཞིག་རྒྱ་ནག་གི་མནར་གཅོད་མྱོང་གི་ཡོད་པ་གསལ་སྟོན་མ་ཐུབ་པར། རྩོམ་པ་པོའི་མཐུན་ཚོགས་ཀྱི་མིང་ཁུར་མཁན་མང་པོ་ཞིག་གིས་སོ་སོའི་སྒེར་དོན་བསྒྲུབས་སྟེ། ད་ལྟ་ནང་མི་ཚང་མ་ཕྱི་རྒྱལ་དུ་སོང་ཚར་མཁན་ཡང་ཡོད་པ་རེད། ན་ནང་ཀོ་རི་ཡར་པེན་གྱི་ཚོགས་འདུའི་ཐོག་བཅར་མ་ཐུབ་པ་ཡང་རྩོམ་པ་པོའི་མཐུན་ཚོགས་ནང་ནས་ལས་ཀ་བྱེད་སྟངས་ནོར་འཁྲུལ་བརྟེན་ནས་བྱུང་བ་ཡིན་སྐོར་དང་། མཐུན་ཚོགས་དེའི་ནང་བཙན་བྱོལ་ནང་གི་དངོས་གནས་ཀྱི་རྩོམ་པ་པོ་མང་པོ་མཉམ་དུ་འཛོམས་ཐུབ་པའི་ཚོགས་སྡེ་ཞིག་ཆགས་མ་ཐུབ་པའི་ནོར་འཁྲུལ་བྱུང་ཡོད་པ་རེད། ལོ་རྒྱུས་ཀྱི་ནོར་འཁྲུལ་ཤེས་པའི་ཐོག་ནས་མ་འོངས་པར་ལས་དོན་ཡར་རྒྱས་གཏོང་དགོས་སྐོར་དང་། ལས་འཆར་ནང་དུ་བོད་ནང་གི་རྩོམ་པ་པོ་རྒྱ་འོག་ནས་མནར་གཅོད་མྱོང་མཁན་ཚོའི་སྐོར་ལ་སྙན་ཐོ་འདོན་འཆར་ཡོད་པ་དེ་ཡག་པོ་ཡིན་སྐོར་དང་། རྒྱ་ནག་གི་རྩོམ་པ་པོ་མང་པོ་རྒྱལ་སྤྱིའི་པེན་གྱི་ངོས་ནས་ལས་འགུལ་སྤེལ་ཏེ་གློད་གྲོལ་ཐོབ་པ་བྱུང་ཡོད་སྐོར་ངོ་སྤྲོད་གནང་སོང་། དེ་བཞིན་ཁོང་གིས་རྩོམ་པ་པོའི་མཐུན་ཚོགས་ནང་བཙན་བྱོལ་ནང་རྩོམ་པ་པོ་ཡག་ཤོས་དེ་ཚོ་ཞུགས་ཆོག་པའི་ཁོར་ཡུག་ཅིག་དགོས་སྐོར་དང་།  རྩོམ་པ་པོའི་མཐུན་ཚོགས་ཟེར་དུས་ཀ་ཁ་ཤེས་མཁན་ཙམ་གྱིས་མི་འགྲིག་པར། ཚོགས་མི་ཚད་ལྡན་དགོས་སྐོར་གསུངས་སོང་།

ཁོང་གིས་རྒྱ་ནག་གི་རྩ་ཁྲིམས་འོག་གི་རྩོམ་པ་པོའི་སྐོར་གསུང་དོན། རྒྱ་ནག་གི་རྩ་ཁྲིམས་ནང་རྩོམ་པ་པོ་དང་འབྲེལ་བ་ཆེ་ཤེས་དེ་རྩ་ཁྲིམ་དོན་ཚན་༣༥ པ་དེ་རེད། དེའི་ནང་སྨྲ་བརྗོད་དང་། པར་སྐྲུན། རྩོམ་འབྲི། རྔམ་སྟོན་ཁྲོམ་སྐོར། ཚོགས་པ་བཙུགས་རྒྱུ་སོགས་རྒྱ་ནག་གི་མི་སེར་ཡིན་ཚད་ཀྱིས་བྱས་ཆོག་གི་ཡོད་ཅེས་འཁོད་ཡོད་པ་རེད། སྤྱི་དམངས་ཀྱི་ཐོབ་ཐང་དང་། ཆབ་སྲིད་ཀྱི་ཐོབ་སྐོར་ལ་རྒྱལ་ཚོགས་ཀྱི་ཁྲིམས་ཡིག་ཡོད་པ་རེད། དེའི་དོན་ཚན་༡༩ པ་སྨྲ་བརྗོད་རང་དབང་དང་། རྩོམ་འབྲིའི་རང་དབང་སྲུང་སྐྱོབ་དགོས་པ་དེ་གཙོ་བོ་རེད། དེའི་ཐོག་རྒྱ་ནག་གིས་ཀྱང་ས་ཡིག་བརྒྱབ་ཡོད་པ་རེད། ཡིན་ནའང་རྒྱ་ནག་ཁྲིམས་ཀྱི་དབང་མིན་པར་མི་སྒེར་པས་དབང་བསྒྱུར་འོག་ཡོད་པས། དེ་ཚོ་ལག་བསྟར་ཐུབ་ཀྱི་ཡོད་པ་མ་རེད། རྒྱ་ནག་གི་རྩོམ་པ་པོ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་གཙོས། རྩོམ་པ་པོ་༧༠ ལྷག་བཙན་ཁང་དུ་ཡོད་པ་རྒྱལ་སྤྱིའི་པེན་གྱི་ཐོ་གཞུང་ནང་ཡོད་པ་རེད། རྒྱ་རིགས་ཁག་ཅིག་རྒྱལ་སྤྱིའི་པེན་གྱིས་ལས་འགུལ་སྤེལ་བརྟེན་ནས་བཙོན་གྲོལ་ཐོབ་པ་ཡང་བྱུང་ཡོད་རེད་ཅེས། ཡང་ཁོང་གིས་སོག་པ་ཧང་ཀ་ཟེར་བའི་རྩོམ་པ་པོ་ཞིག་གིས་སོག་པོའི་མ་འོངས་པའི་མདུན་ལམ་ཞེས་པའི་དེབ་ཅིག་བྲིས་པར་བརྟེན་རྒྱ་གཞུང་གིས་འཇུ་བཟུང་ཁྲིམས་ཐག་བཅད་སྐོར་དང་། རྒྱ་ནག་གི་མནར་གཅོད་འོག་སོག་པོ་དང་ཡུལ་གུར། རྒྱ་རིགས་རྩོམ་པ་པོ་སོགས་ཀྱི་གནས་བབས་སྐོར་ངོ་སྤྲོད་གནང་ཡོད་པ་རེད།

choedak_2012_11_15པེན་ཕྱི་སྡོད་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་སྤྲོ་ཚིགས་ཆོས་གྲགས་ཀྱིས་རྒྱའི་བཙོན་འོག་ཏུ་ཚུད་པའི་བོད་རིགས་རྩོམ་པ་པོའི་མིག་སྔའི་གནས་སྟངས་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་སྐབས། ཁོང་གིས་བོད་ཀྱི་ལོ་རྒྱུས་ནང་བརྩམས་ཆོས་དང་རྩོམ་པ་པོ་ལ་མཐོང་ཆེན་བྱེད་མཁན་གྱི་མི་རིགས་ཤིག་ཡིན་སྐོར་དང་། འཆད་རྩོད་རྩོམ་གསུམ་གལ་ཆེན་དུ་བརྩི་ཡི་ཡོད་པ་མ་ཟད། དེའི་ནང་ནས་ཀྱང་རྩོམ་དེ་གལ་ཆེན་དུ་བརྩི་ཡི་ཡོད་སྐོར་འགྲེལ་བརྗོད་གནང་སོང་།

ཁོང་གིས་མུ་མཐུད་གསུང་དོན། བོད་ཀྱི་འཐབ་རྩོད་དེ་བདེན་པའི་འཐབ་རྩོད་རེད། བདེན་པའི་འཐབ་རྩོད་དེ་ཁུངས་སྐྱེལ་ར་སྤྲོད་བྱེད་རྒྱུ་དང་། ལམ་སྟོན་བྱེད་རྒྱུ་རྩོམ་པོ་པོའི་འགན་འཁྲི་ཡིན་སྐོར་དང་། བོད་ཀྱི་རྩོམ་པ་པོ་མང་པོ་ཞིག་གིས་ད་ལྟ་བོད་མི་རིགས་ཀྱི་བདེ་སྡུག་གནས་བབས་དངོས་ཡོད་གནས་ཚུལ་བཤད་པ་ལ་བརྟེན་ནས་རྒྱ་ནག་གིས་དམ་དྲག་དང་། རྩོམ་པ་པོ་ཚོར་མ་ཉེས་ཁག་གཡོག་གི་ཞྭ་མོ་སྣ་ཚོགས་གཡོགས་སྟེ་བཙོན་དུ་བཅུག་པ་དང་། གསང་བ་ཕྱི་ལ་བསྒྲགས་མཁན་སོགས་ཀྱི་ཉེས་མིང་འདྲ་མིན་འོག་ཁྲིམས་ཐག་གཅོད་ཀྱི་ཡོད་པ་རེད་ཅེས་གསུངས་སོང་།

བོད་ནང་གི་རྩོམ་པ་པའི་ཚོས་བདེན་པའི་སྐད་ཆ་གཉིས་བཤད་ཀྱི་ཡོད་པ་རེད། གཅིག་དེ་ལོ་རྒྱུས་ཐོག་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་ལ། རྒྱ་ནག་གིས་དབང་བསྒྱུར་བྱས་པའི་སྐོར་རེད། གཉིས་པ་དེ་ལ་རྒྱ་འོག་ཏུ་བོད་ལ་འགྲོ་བ་མིའི་ཐོབ་ཐང་མེད་པ་དང་། བོད་ཀྱི་མི་རིགས་རིག་གཞུང་དང་བཅས་པ་གཏོར་བརླག་གཏོང་གི་ཡོད་པ་དང་། བོད་མིའི་ལས་འགུལ་ཁག་ཞི་བའི་ལས་འགུལ་ཡིན་པའི་སྐོར་བཅས་རེད་ཅེས་དང་། ཁོང་གིས་རྒྱ་ནག་གིས་བོད་མི་རྩོམ་པ་པོ་དང་། སྒྱུ་རྩལ་པ་སོགས་འཇུ་བཟུང་བཙོན་འཇུག བཀག་ཉར་བྱེད་མྱོང་བའི་རྩོམ་པ་པོ་ཁག་ཅིག་གི་མཚན་གཞུང་ངོ་སྤྲོད་གནང་སོང་།།