རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན།
དེ་རིང་ཞོགས་པར་འཛམ་གླིང་གི་རྒྱལ་ཁབ་ཁག་༤༠ ལྷག་ནས་ཕེབས་པའི་བོད་དོན་རྒྱབ་སྐྱོར་བ་༢༤༠ ལྷག་མཉམ་འཛོམས་ཀྱིས། ཉིན་གསུམ་གྱི་རིང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་འཚོགས་སོང་།
དེ་ཡང་ཟླ་འདིིའི་ཕྱི་ཚེས་༡༦ ཉིན་གྱི་ཞོགས་པའི་ཆུ་ཚོད་༩།༣༠ ཀྱི་སྟེང་། དྷ་སྟེང་བོད་ཁྱིམ་སློབ་གྲྭའི་བདེ་སྐྱིད་ཚེ་རིང་ཚོགས་ཁང་དུ། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་འཚོགས་སོང་ལ། མཛད་སྒོའི་ཐོག་མར་ཚོགས་བཅར་བ་ཚང་མ་སྐུ་བཞེངས་ཐོག བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་རང་སྲོག་བློས་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ཀྱི་ཆེད་ངག་བཅད་སྐར་མ་གཅིག་རིང་ཞུས་སོང་།
དེ་རྗེས་རྒྱ་གར་བོད་དོན་རྒྱབ་སྐྱོར་གྱི་འབྲེལ་མཐུད་པ་ཌོག་ཊར་(N.K. Trikha) ཡིས། ཐེངས་འདིར་འཛམ་གླིང་གི་བོད་དོན་རྒྱབ་སྐྱོར་བ་ཚོ་འདིར་འཛོམས་ཏེ། བོད་དོན་ཐད་འཚོག་ཆེན་བསྐོང་ཐུབ་པ་དེ་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་མཐུན་པའི་ཁ་ཚ་དགོས་གཏུགས་ཤིག་ཆགས་ཡོད་སྐོར་སོགས་ཀྱི་གཏམ་བཤད་གནང་རྗེས། ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་ཀྱིས་ཉེ་ཆར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གྱི་གྲོས་ཚོགས་ཚོགས་དུས་བཞི་པའི་སྟེང་། བཀའ་བློན་ཁྲི་པ་ཞེས་པའི་ཚབ་ཏུ་སྲིད་སྐྱོང་ཞེས་བཅའ་ཁྲིམས་ནང་གཏན་འབེབས་བྱས་ཡོད་སྐོར་དང་། སྲིད་སྐྱོང་བློ་བཟང་སེང་གེ་ནི་༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མི་མང་གིས་བདམས་པའི་མགོ་ཁྲིད་ལ་རྩིས་སྤྲོད་གནང་རྗེས། མི་མང་གིས་འོས་འདེམས་བྱས་པའི་དབུ་ཁྲིད་དང་པོ་དེ་ཡིན་སྐོར། དེ་བཞིན་འཛམ་གླིང་གི་བོད་དོན་རྒྱབ་སྐྱོར་བ་ཚོའི་བཀའ་དྲིན་ལ་བརྟེན་ནས། ད་ལྟའི་ཆར་བོད་ཀྱི་གནད་དོན་འདི་རྒྱལ་སྤྱིའི་སྟེང་གསོན་པོར་གནས་ཐུབ་ཡོད་སྐོར་སོགས་གསུངས་སོང་།
མཐར་སྲིད་སྐྱོང་བློ་བཟང་སེང་གེས། གཉན་འཕྲང་ཅན་འདི་ལྟ་བུའི་སྐབས་འདིར་གཞིས་ལུས་བོད་མི་ཚོས་ང་ཚོས་གང་འདྲ་ཞིག་བྱས་ཡོང་བསམས་པའི་རེ་བ་བཅོལ་བཞིན་པའི་དུས་སྐབས་ཤིག་ཆགས་ཡོད་སྐོར་དང་། བོད་དོན་རྒྱབ་སྐྱོར་གྱི་ལྷན་ཚོགས་འདིའི་ཐོག་ནས་པེ་ཅིང་གཞུང་ལ་བོད་མི་ཚོར་དཀའ་ངལ་འཕྲད་བཞིན་པའི་དུས་སྐབས་འདིར། བོད་མིའི་གྲོགས་པོ་ཚོས་གདུང་སེམས་མཉམ་བསྐྱེད་མཚོན་བཞིན་པ་མ་ཟད། བོད་དོན་བདེན་མཐའ་མྱུར་དུ་གསལ་ཏེ་༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུའི་སྐལ་བཟང་གི་ཉིན་མ་མ་ཤར་བར། བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོར་མུ་མཐུད་གནས་རྒྱུ་དང་བོད་ཀྱི་གནད་དོན་དེ་བས་ཤུགས་ཆེ་རུ་འགྲོ་རྒྱུ་རེད་ཅེས་བརྡ་ལན་གསལ་པོ་གཏོང་བཞིན་ཡོད་སྐོར་སོགས་གསུངས་སོང་།
དེ་ཡང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པའི་སྟེང་། འཛམ་གླིང་གི་རྒྱལ་ཁབ་ཁག་༤༠ ལྷག་ནས་ཕེབས་པའི་བོད་དོན་རྒྱབ་སྐྱོར་བ་༢༤༠ ལྷག་མཉམ་འཛོམས་བྱས་འདུག་ལ། ཁོང་ཚོས་ཉིན་༣ གྱི་རིང་མ་འོངས་པར་བོད་མིའི་རང་དབང་རྩོད་ལེན་གྱི་ཐད་བགྲོ་གླེང་བྱེད་རྒྱུ་རེད་འདུག