༄༅།། འདུ་འཛིའི་ན་བུན་ཁྲོད་ནས་འདི་ལྟར་ཤོར།
སེམས་ཀྱི་བརྩེ་བ་གཙང་བོའི་གཞུང་ལ་འདྲེས།།
སྙིང་གི་དྲན་གླུ་རྡ་སའི་རི་ནས་ཤོར།།
སྐྱོ་བའི་མིག་ཆུ་རང་ཤག་ནང་ནས་བཞུར།།
སེམས་ཀྱི་རེ་སྒུག་རྒྱང་རིང་ཕྱོགས་ནས་བྱས།།
དབུ་རྩེ་དགོང་ལ་ཟིག་སའི་རྫ་གཤོང་ན།།
རེ་བའི་སྨོན་འདུན་སྙིང་ལ་འབྲི་བཞིན་ཏུ།།
ཕུགས་བསམ་རེ་ཁ་གསར་བའི་ལང་ཚོ་དེ།།
རེ་སྒུག་བྱས་པའི་ཁུར་ཤིང་སྙིང་ལ་ལྕི།།
མཐའ་མེད་འཇིག་རྟེན་ཡངས་པའི་གྲུ་ཟུར་ན།།
འདུ་འཛི་ལང་ལོང་ཞིག་ལ་མགོ་བོ་འཁོར།།
རེ་བའི་འོད་སྣང་དཀར་པོ་ཁད་ཀྱིསཡལ།།
རྨི་ལམ་ཟད་པོ་ཞིག་གིས་ཡིད་སེམས་དཀྲུགས།།
ཕ་མིའི་དྲོད་ཁོལ་སྙིང་གི་དཀྱིལ་ཏུ་ལྡང་།།
ཕ་ཡུལ་སྨུག་པོ་རྨི་ལམ་ཞིང་ནས་བཏང་།།
དུང་བའི་སེམས་པ་མར་སྟན་སྒང་ནས་འཁོར།།
གསེར་འབྲོང་བུ་ང་ས་མཐའ་འདི་ནས་རྒས།།
དབྱར་ལྫོངས་སྐྱིད་པའི་དགའ་ཚལ་སེམས་ལ་ལྷུང་།།
ཁྲི་ཤོར་རྒྱལ་མོའི་རླབས་ཕྲེང་ཡིད་ལ་འཁོར།།
གངས་རི་རྫ་རིའི་བརྗིད་རྔམ་དྲན་ཐེངས་རེ།།
སྙིང་ཁོང་གསེབ་ལ་ཕ་ཡུལ་སྣང་བརྙན་བརྩེགས།།
ཉི་ཟེར་བརྩེ་བ་སྤྲད་སའི་གནམ་འོག་ན།།
ཟླ་བའི་ཕྱི་མིག་འཕེན་སའི་མཚན་ལྗོངས་ན་།།
སྐར་མའི་འཛུམ་མདངས་ངོམ་སའི་རང་ཡུལ་སོགས།།
དྲན་པའི་རི་མོ་སྐར་ཚོགས་བཞིན་ཏུ་བཀྲ།།
གསེར་རྟ་འབྲོང་སྨྱོན་གངས་རིའི་ཕ་མཐར་བཞུད།།
ལས་དབང་རླུང་བུ་ཕར་གཡུགས་ཚུལ་བསྐྱོད་རེད།།
ལུས་ཀྱི་ཟུངས་ཁྲག་འཕར་ཚད་ཇེ་མྱུར་རེད།།
སེམས་ཀྱི་འཆར་སྣང་སྣ་མ་སྣ་ཚོགས་རེད།
གསེར་རྟ་བསོད་ནམས་ཕུན་ཚོགས་སམ་དཔལ་ཤུལ་འབྲོང་སྲས་སུ་འབོད་པས་
གངས་ལྗོངས་སྐྱིད་གཤོང་ནས་སུག་བྲིས་བགྱིས་སོ།། ༢༠༡༢ ༡༡ ༡༧