བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐོག་ལས་འགུལ་བཞི་གཏན་འབེབས།
རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་དམིགས་བསལ་ཚོགས་ཆེན་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ནང་རྒྱ་ནག་གི་སྐུ་ཚབ་ཞུགས་རྒྱུར་གནོན་ཤུགས་སྤྲོད་རྒྱུ་དང་། བོད་ནང་གི་ཁོར་ཡུག་སྲུང་སྐྱོབ་དང་། བོད་ནང་གི་ཛ་དྲག་གནས་སྟངས་ལ་རྒྱལ་སྤྱིའི་ནང་རྒྱབ་སྐྱོར་འཚོལ་ཐབས། ལྷག་དཀར་ལས་འགུལ་སྤེལ་ཕྱོགས་བཅས་ལ་གྲོས་ཆོད་བཞག་ཡོད་པ་རེད།
ཟླ་འདིའི་ཚེས་༡༦ ནས་ཉིན་གསུམ་རིང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་དེ་དྷ་ས་བོད་ཁྱིམ་སློབ་གྲྭར་འཚོག་པ་དང་། མཛད་སྒོའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེས་བོད་ཀྱི་གནས་བབས་དང་འབྲེལ་བའི་སྐོར་ལ་གསུང་བཤད་གནང་། ཉིན་གཉིས་པར་༧གོང་ས་མཆོག་གིས་བཀའ་སློབ་ལམ་སྟོན་གནང་བ་དང་། ཟླ་འདིའི་༡༨ ཉིན་གུང་མཇུག་བསྡོམས་བྱས་ཡོད་པ་རེད།
སྐབས་དེར་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་ལ་ཚོགས་འདུ་ག་འདྲ་བྱུང་ཡོད་མེད་སྐོར་བཅར་འདྲི་ཞུས་པར། ཁོང་གིས་“ཚོགས་འདུ་ཡག་པོ་བྱུང་སོང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཚང་མ་མཉམ་རུབ་ཀྱི་ཐོག་ནས་ཚོགས་འདུ་གོ་སྒྲིག་བྱས་པ་རེད། རྒྱལ་ཁབ་༤༠ ལྷག་ནས་སྐུ་ཚབ་༢༠༠ ཙམ་ཕེབས་ཡོད་པ་རེད་ལ། བོད་ནང་གི་ཛ་དྲག་གནས་བབས་སྐོར་ལ་རྒྱལ་སྤྱིའི་ཐོག་ནས་གང་ཐུབ་རྒྱལ་སྐྱོར་ཡོད་པའི་གསལ་སྟོན་བྱུང་སོང་”ཞེས་འབྲེལ་བརྗོད་གནང་སོང་།
ཚོགས་འདུའི་ཐོག་ལས་འགུལ་ག་རེ་སྤེལ་དགོས་པ་གཏན་ཁེལ་ཡོད་མེད་སྐོར་དྲིས་པར། ཕྱི་དྲིལ་བཀའ་བློན་གྱིས། “བོད་དོན་རྒྱབ་སྐྱོར་གྱི་ཚོགས་ཆེན་འཚོད་དུས་ལོ་གཉིས་གསུམ་ནང་ལས་འགུལ་ག་རེ་སྤེལ་དགོས་མིན་སྐོར་ལ་གྲོས་བསྡུར་བྱས་ན། ལས་དོན་བྱེད་ཕྱོགས་ཡིག་ཆ་གཏན་འབེབས་བྱེད་ཀྱི་ཡོད་པ་རེད། དང་པོ། ད་ཐེངས་༢༠༡༣ ལོའི་ལོ་མཇུག་བར་རྒྱལ་སྤྱིའི་ནང་གཞུང་མང་པོ་མཉ་རུབ་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་ཤེས་རྟོགས་ཡོང་ཐབས་དང་། རྒྱབ་སྐྱོར་ལག་ལེན་བསྟར་ཐབས་བྱེད་རྒྱུ་རེད། གཉིས་པ། ལྷག་དཀར་ལས་འགུལ་རྒྱལ་ཁབ་གསར་པ་ཉི་ཤུ་རྩ་ལྔ་ཙམ་གྱི་ནང་ཁྱབ་ཐབས། གསུམ་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ནང་བསྐྱར་དུ་རྒྱ་ནག་གི་སྐུ་ཚབ་ཚུད་མིན་ཐད་༢༠༡༣ ལོའི་ལོ་མཇུག་གཏན་ཁེལ་གྱི་ཡོད་པ་རེད། དེའི་ཐོག་བོད་ནང་གི་ཛ་དྲག་གནས་བབས་དང་། འགྲོ་བའི་ཐོབ་ཐང་གི་གནས་བབས་སྐོར་ནས་རྒྱ་ནག་གི་སྐུ་ཚབ་དེའི་ནང་ཞུགས་རྒྱུར་ཆ་རྐྱེན་ཚང་གི་མེད་པས། བོད་དོན་རྒྱབ་སྐྱོར་བ་ཚང་མས་འགྲོ་བ་མིའི་ཐོབ་ཐང་གི་སྐུ་ཚབ་ནང་རྒྱ་ནག་ཞུགས་རྒྱུར་ཐོབ་ཐང་མེད་པའི་ལས་འགུལ་སྤེལ་རྒྱུ། བཞི་པ། བོད་ནང་གི་ཆུའི་གནད་དོན་གཙོས་ཁོར་ཡུག་སྐོར་ལ་ཁྱིམ་མཚེས་རྒྱལ་ཁབ་ཁག་བརྒྱད་ཀྱི་ནང་རྒྱབ་སྐྱོར་འཚོལ་རྒྱུ་དང་། བོད་ཀྱི་ཁོར་ཡུག་གི་གནད་དོན་ངོ་སྤྲོད་ཡོང་ཐབས་ཀྱི་ལས་འགུལ་སྤེལ་རྒྱུ་བཅས་རེད་”ཅེས་གསུངས་སོང་།།