མང་གཙོ་དང་གཅིག་སྡུད་ཀྱི་བར་ཁྱད།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༡༢ ཕྱི་ལོ་ ༢༠༡༢/༡༡/༡༤
ཉེ་བའི་ཆར་ཨ་རིའི་སྲིད་འཛིན་འོས་འདེམས་བྱས་ནས་སླར་ཡང་ཨོ་བྷ་མར་རྒྱལ་ཁབ་ཐོབ་པ་དང། དེ་ནི་ཨ་རིའི་མི་མང་གིས་རང་དབང་ཐོག་ནས་འོས་འདེམས་བྱས་པ་ཞིག་རེད། ད་ལྟ་རྒྱ་དམར་དྲག་གཞུང་གིས་དམར་ཤོག་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཚོགས་བཞིན་ཡོད་པ་དང།
ཚོགས་ཆེན་འདིའི་ཐོག་ནས་དམར་ཤོག་གི་ཆེས་མཐོའི་རྒྱུན་ལས་རྣམས་འཕོ་འགྱུར་འགྲོ་བའི་དུས་ལ་སླེབས་ཡོད་པ་རེད། གནད་དོན་འདི་གཉིས་ཕྱིའི་རྣམ་པའི་ཐོག་ནས་དཔོན་རིགས་འཕོ་འགྱུར་འགྲོ་བ་དང། དེ་ཡང་དུས་ཡུན་རྒྱས་བཅད་ཅིག་གི་ནང་དུ་འགྲོ་བཞིན་ཡོད་པ་ལྟ་བུ་ཕྱོགས་ཙམ་འདྲ་ནའང། དོན་དངོས་ཐོག་དཔོན་རིགས་འཕོ་འགྱུར་དེ་རྒྱ་ཆེའི་མི་མང་དང་འབྲེལ་བ་ཡོད་མེད་ཐོག་ནས་ས་དང་གནམ་གྱི་བར་ཁྱད་ལྟ་བུ་ཡོད། གནད་དོན་དེ་གཉིས་གཅིག་མཚུངས་ཆགས་རྒྱུར་ད་དུང་དུས་ཡུན་རིང་ཙམ་འགོར་ངེས་རེད།
ཨ་རིའི་སྲིད་འཛིན་ནི་ལོ་བཞི་རེའི་མཚམས་སུ་འོས་འདེམས་བྱེད་བཞིན་ཡོད་པ་དང། ལོ་བཞི་དེའི་རིང་སྲིད་འཛིན་དེས་སྣེ་ཁྲིད་པའི་གཞུང་དེའི་ལས་དོན་གང་བྱས་པ་དེ་དག་མི་མང་དང་འབྲེལ་བ་ཡོད་མེད། མི་མང་གི་བསམ་འདུན་དང་མཐུན་མིན་སོགས་གཞི་རྩར་འཛིན་དགོས། གལ་སྲིད་དེ་ལྟར་མ་བྱས་ན་ལོ་བཞི་དེའི་རྗེས་སུ་སླར་ཡང་སྲིད་འཛིན་དུ་སླེབས་རྒྱུའི་རེ་བ་མེད་པར་ལོ་བཞི་མ་ཚང་གོང་ནས་འཕོ་འགྱུར་ཡང་གཏོང་སྲིད། ད་དུང་དུས་རྒྱུན་མི་མང་གི་སྐུ་ཚབ་གྲོས་ཚོགས་གོང་འོག་གི་སྟངས་འཛིན་འདྲི་རྩད་སོགས་མ་བརྒྱུད་པར་ལས་དོན་གལ་ཆེའི་རིགས་གང་ཡང་བྱེད་སྲོལ་མེད་ལ། འོས་འདེམས་སྐབས་རྒྱ་ཆེའི་མི་མང་གི་མདུན་དུ་ཐོན་ནས་འཆར་གཞི་འདི་དང་འདི་ཡོད་ཅེས། ཡོངས་གྲགས་འགྲན་རྩོད་བྱེད་དགོས་པས་ཨ་རིའི་སྲིད་འཛིན་སུ་སླེབས་མིན་དེ་ཐད་ཀར་མི་མང་གི་རེ་འདུན་ཁོ་ན་དང་འབྲེལ་ཡོད།
ད་དུང་ཨ་རིའི་སྲིད་འཛིན་དུ་སུ་སླེབས་མིན་མི་མང་གི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་མ་ཟིན་གྱི་བར་དུ་སུ་གཅིག་གིས་ཁ་ཚོན་བཅད་ནས་བཤད་མི་ཐུབ་ལ། སྲིད་འཛིན་ལས་ཐོག་པ་ཞིག་བསྐྱར་དུ་འོས་གཞིར་ལངས་པའམ། ཡང་ན་གསར་དུ་འོས་གཞིར་ལངས་མཁན་སུ་ཡིན་ཡང་མཐར་ཐུག་ངོ་འཛུམ་དཀར་ནག་འཚོ་དགོས་ས་དེ་རྒྱ་ཆེའི་མི་མང་ཁོ་ན་ཡིན་པ་དང། རྒྱ་ཆེའི་མི་མང་གི་བསམ་འདུན་ལ་བརྩི་འཇོག་མི་བྱེད་པར་བརྒྱ་ཁ་གཅིག་གཅོད་ཀྱི་ལས་དོན་བྱས་ན་མང་གཙོའི་སྤྱི་ཚོགས་ནང་སྲིད་དབང་འཆོར་བའི་རྒྱུ་རྐྱེན་ཉག་གཅིག་ཡིན་སྟབས། ཨ་རིས་གཙོས་མང་གཙོ་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཁག་གི་སྲིད་བྱུས་ཀྱི་སྙིང་དོན་མི་མང་དབུས་སུ་བཞག་ཡོད་པ་དང། ལས་དོན་བྱེད་པ་རྒྱལ་ཁབ་དང་མི་མང་གི་ཆེད་དུ་ཡིན་པ་མ་ཟད། དཔོན་རིགས་དག་ལ་སྟངས་འཛིན་བྱེད་མཁན་ཡང་མཐར་གཏུག་ན་མི་མང་ཡིན།
རྒྱ་དམར་དྲག་གཞུང་གི་སྲིད་འཛིན་དང། སྲིད་བློན་སོགས་སུ་སླེབས་མིན་ལོ་མང་པོའི་སྔོན་ནས་གཏན་ཁེལ་བྱས་ཟིན་པ་ཞིག་ཡིན་པ་དང། དཔེར་ན་ཞི་ཅིན་ཕིན་སྲིད་འཛིན་དང། ལེ་ཁེ་ཆང་སྲིད་བློན་ཆགས་རྒྱུ་ཡིན་པ་ལོ་ལྔ་ཙམ་ནས་ཡོངས་གྲགས་ཆགས་ཟིན་པ་རེད། དུས་རྒྱུན་གྱི་ལས་དོན་བྱེད་ཕྱོགས་མི་མང་དང་འབྲེལ་བ་མེད་ལ། མཐའ་མ་ཆེས་མཐོའི་དཔོན་རིགས་ཀྱི་གོ་གནས་སུ་སླེབས་དང་མི་སླེབས་ཀྱང་རྒྱ་ཆེའི་མི་མང་དང་འབྲེལ་བ་གང་ཡང་མེད། དེར་བརྟེན་མི་མང་གི་བསམ་འདུན་ལ་གཞི་བཞག་ནས་མ་བསྒྲུབས་ཐབས་མེད་ཀྱི་ལས་དོན་གང་ཡང་མེད་པས། རྒྱ་ནག་རྒྱལ་ཁབ་ཀྱི་དོན་གྱི་བདག་པོ་དམར་ཤོག་ཚོགས་པའི་འགོ་ཁྲིད་རྣམས་ཁོ་ན་ལ་རག་ལས་ཡོད། དེར་བརྟེན་ལྐོག་ཟ་རུལ་སུངས་དང། ཁེ་ཕན་ཆ་བགོས་སོགས་ཚང་མ་དམར་ཤོག་ཚོགས་པའི་དཔོན་རིགས་དང་དེའི་འབྲེལ་ཡོད་ཚོ་ཁོ་ནར་ཐད་ཀར་རག་ཐུབ་པའི་ཆ་རྐྱེན་བསྐྲུན་ཡོད།
རྒྱ་དམར་གཞུང་གིས་ལས་དོན་གང་དང་གང་བྱས་ཀྱང་དམར་ཤོག་ཚོགས་པ་གཙོ་བོར་འཛིན་པ་ལས། མི་མང་གཙོ་བོར་འཛིན་གྱི་མེད་ལ། གོང་དུ་བརྗོད་པ་བཞིན་ཆེས་མཐོའི་དཔོན་རིགས་བསྐོ་གཞག་སོགས་མི་མང་དང་འབྲེལ་བ་མེད་པས། དཔོན་རིགས་དེ་དག་གིས་ཀྱང་མི་མང་གི་མངོན་འདོད་དང་རེ་བ་ག་རེ་ཡིན་མིན་ཤེས་རྟོགས་མི་བྱེད་ལ། གཤམ་འོག་གི་དཔོན་རིགས་ཚོས་ཀྱང་དམར་ཤོག་ཚོགས་པའི་དཔོན་རིགས་ཆེ་ཁག་གི་ངོ་འཛུམ་དཀར་ནག་འཚོ་བ་ལས། རྒྱ་ཆེའི་མི་མང་གི་རེ་འདུན་ནི་མཁོ་མེད་བདག་མེད་ཁོ་ན་ཞིག་ཏུ་གྱུར་ཡོད། མི་མང་གི་ཆེད་དུ་ལས་དོན་བྱེད་མཁན་ཧུའུ་ཡོ་པང་ལྟ་བུ་དཔོན་རིགས་རེ་ཟུང་ཡོང་གི་ཡོད་ནའང། དེ་ནི་སྒེར་གྱི་ཀུན་སྤྱོད་དང་ལྷག་བསམ་ཁོ་ན་ལ་བརྟེན་ནས་བྱུང་བ་ལས་སྒྲིག་འཛུགས་ཀྱི་སྒྲོམ་གཞི་དང་འབྲེལ་བ་གང་ཡང་མེད་པས། ཁོང་གི་གོ་གནས་བརྟན་པོ་སྲུང་ཐུབ་མེད་པ་མ་ཟད། གློ་བུར་འདས་གྲོངས་སུ་གྱུར་པ་དེའི་རྒྱབ་ལྗོངས་སུའང་སྐྱུགས་བྲོ་བའི་དོན་རྐྱེན་རེ་ཡོད་ངེས།
རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྐབས་སུ་ལས་དོན་མང་པོ་ཞིག་གྲོས་ཐག་གཅོད་ཁུལ་ཡང། དེ་དག་ཚང་མ་བརྒྱ་ཁ་གཅིག་གཅོད་དང། ལག་པ་གནམ་དུ་འགྱོགས་པ་དེ་ཡང་དོན་དུ་འཁྲབ་སྟོན་ཙམ་ལས། མི་མང་གི་ཁེ་ཕན་ཆེད་འཐུས་མི་ཚོས་རང་དབང་གིས་རྒྱབ་སྐྱོར་དང་དགག་པ་རྒྱག་རྒྱུའི་ཁོར་ཡུག་ཅིག་ད་ལྟའི་ཆར་གཏན་ནས་མེད། དེར་བརྟེན་མང་གཙོ་ཅན་གྱི་རྒྱལ་ཁབ་ཚོའི་མི་མང་གི་ཁེ་དབང་དང། སྲིད་དབང་གཅིག་སྡུད་ཅན་གྱི་རྒྱལ་ཁབ་ཚོའི་མི་མང་གི་ཁེ་དབང་གཉིས་ཕྱོགས་ཡོངས་ནས་བསྡུར་ཐབས་རྩ་བ་ནས་མེད་པར་གནམ་ས་ལྟ་བུའི་ཧེ་བག་ཤོར་ཡོད་པ་དང། སེམས་ཚོར་འདི་རྒྱ་ནག་མི་མང་ལ་མ་སྐྱེས་ཀྱི་བར་དུ་དུས་ནམ་ཡང་དམར་ཤོག་ཚོགས་པའི་གཡོག་པོ་འབའ་ཞིག་ལས། མི་མང་གིས་རྒྱལ་ཁབ་སྐྱོང་བའི་དུས་ཚོད་ཅིག་འཆར་མི་སྲིད་པ་ཧ་ཅང་གསལ་པོར་གྱུར་ཡོད།།