༄༅།། རྗེ་བླ་མ་དྲན་པའི་གདུང་འབོད་ཁྲག་རྒྱུན་དམར་པོའི་བཟི་ཁ།།

 

དབེན་པའི་རི་སུལ་བསྟེན་པའི་མི་ལའི་རྒྱུད་འཛིན།།

གྲུབ་མཉེས་རྣམ་འབྱོར་ཆེན་པོ་ཞིང་བུར་གཤེགས་སྐབས།།

སྐྱོ་གདུང་སྨུག་སྤྲིན་ཁྲོད་ན་ཉམ་ཆུང་ཁེར་རྐྱང་།།

མཐོན་པོའི་རི་ཟོམ་སྒང་ནས་གཅིག་པར་ལས་སོང་།།

 

ལུང་རྟོག་བསྟན་པའི་རྒྱལ་མཚན་གནས་འདིར་མ་བཞུགས་།།

ཁེར་རྐྱང་རི་ལུང་མཐོན་པོའི་རྫ་རྩེ་འདི་ནས།།

སྐྱོ་སྣང་མིག་ཆུ་བཞུར་བའི་ཤུགས་རིང་རེ་རེ།།

མ་བཅོས་སེམས་ཀྱིས་གསེབ་ནས་ཡང་ཡང་ཤོར་སོང་།།

 

ཉམས་རྟོགས་དྲོད་ཚོད་མཐོན་པོར་འཕེལ་ཁ་རྫོགས་པའི།།

ཉམ་ཆུང་ཁེར་རྐྱང་སྐྱབས་མགོན་ཞིང་འདིར་མ་བཞུགས་།།

སྐུ་ཚེ་དབེན་རིར་བསྐྱལ་བའི་བཤེས་གཉེན་དམ་པ།།

ངེས་དོན་རྣལ་འབྱོར་ཆེན་པོར་ཞི་བུར་གཟིམས་སོང་།།

 

མི་ཚེ་ཆོས་ལ་སྐྱེལ་བའི་སྐྱེ་ཆེན་དམ་པ།། 

འདི་སྣང་སྒྱུ་མའི་འཇིག་རྟེན་རྒྱང་དུ་འདོར་བའི།།

ངེས་དོན་བྱ་བྲལ་ཆེན་པོའི་གསང་གསུམ་ཡོན་ཏན།།

ཉམ་ཆུང་ཤུལ་ཏུ་ལས་པའི་སེམས་ལ་དྲན་ནོ།།

 

དགོངས་ལོ་གོ་གསུམ་སོན་ཡང་བསྙེན་སྒྲུབ་ལས་གསུམ།། 

བར་མེད་རྒྱུད་ལ་འགྲོགས་པའི་སྒོམ་ཆེན་དམ་པ།།

མན་ངག་མཛོད་ཀྱི་ཕྱུག་པའི་ཀློང་ཆེན་ཟླ་བོ།།

ཐང་དཀར་རྒོད་པོ་བཞིན་ཏུ་གང་དུ་གཤེགས་སོང་།།

 

ལྟ་སྒོམ་དྲོད་ཚོད་འབར་བའི་སྙིགས་མའི་དུས་སུ།།

དབེན་པའི་རི་ངོགས་འདི་ནས་ཚེ་དང་སྒྲུབ་པ།།

བཤེས་གཉེན་ཁྱེད་དང་འདྲ་བ་མཇལ་རྒྱུ་དཀོན་པ།།

ཉམ་ཆུང་བརྩེ་བའི་མ་འདོར་ཕྱི་མིག་གནང་རོགས།། 

 

དགེ་བའི་བཤེས་གཉེན་ཆེན་མོ་༧བྱམས་པ་ངག་དབང་ཆོས་གྲགས་བཟང་པོར་

རེ་ཞིག་ དགོངས་པ་ཆོས་དབྱིངས་སུ་གཟིམས་སྐབས་སེམས་པ་སྐྱོ་བའི་ངང་ནས་ 

དཔལ་ཤུལ་རྨེ་བའི་ཡུལ་ནས་སྐྱེས་པའི་ལྡོམ་པོ་བྱམས་པ་གསེར་བཟང་ནས་

བླ་མ་རིན་པོ་ཆེ་དགོངས་པ་ཞི་བུར་གཟིམས་ནས་ཉིན་ལྔ་བའི་སྔོ་དྲོའི་

སྐབས་ཤིག་ལ་སུག་བྲིས་བགྱིས་སོ།། ༢༠༡༢  ༡༡  ༡༤