ཨེ་ཙིའམ་རེག་དུག་ནད་གཞི་འགོས་ལམ་དང་སྔོན་འགོག་གསལ་བཤད།།
དེ་རིང་ངས་བཤད་འདོད་པ་ནི། རེག་དུག་ངོ་ཤེས་ནས་ད་ལྟའི་བར། རེག་དུག་གི་གནས་གཞི། རེག་དུག་གི་བྱེད་ལས། རེག་དུག་གི་འགོས་ལམ། རེག་དུག་སྔོན་འགོག གང་ལས་མི་འགོས་པའི་བྱ་སྤྱོད་དང་བྱམས་སྐྱོང། ཉེན་ཚབས་ཆེ་བའི་མི་སྣ། རེག་དུག་ནད་པས་འཕྲོད་བསྟེན་བྱེད་ཚུལ་བཅས་ཡིན།
རེག་དུག་ངོ་ཤེས་ནས་ད་ལྟ་བར་གྱི་གནས་སྟངས།
ད་ལྟའི་ཆར་འཛམ་གླིང་གི་མི་གྲངས་ས་ཡ་སུམ་ཅུ་སོ་བཞི་ལ་རེག་དུག་གི་འབུ་ཕྲ་འགོས་ཡོད་པ་དང་། དེ་ལས་བརྒྱ་ཆའི་༥༠ ལྷག་གིས་རང་རང་སོ་སོར་རེག་དུག་གི་ནད་འབུ་ཕྲ་མོ་འགོས་ཡོད་པ་ཤེས་རྟོགས་བྱུང་མེད། ད་ལྟའི་ཆར་རེག་དུག་གི་ན་ཚ་གསར་དུ་འགོས་པའི་མི་དེ་དག་ལས་བརྒྱ་ཆ་ ༤༡ གཞོན་སྐྱེས་དང་། དེ་ལས་ཀྱང་བརྒྱ་ཆའི་ ༦༠ ལྷག་བུད་མེད་གཞོན་སྐྱེས་ཀྱི་རིགས་ཡིན། མ་ཟད་རེག་དུག་ན་ཚའི་འགོས་ལམ་གཙོ་བོ་ལུས་འབྲེལ་ཁུ་ཁྲག་གི་རྒྱུད་ནས་ཡིན་པས་འབྱུང་འགྱུར་བུད་མེད་གཞོན་སྐྱེས་མ་ཚོས་དོགས་ཟོན་མ་བྱས་ན་རེག་དུག་གི་ན་ཚ་འགོས་པའི་གྲངས་འབོར་སྔར་ལས་ཀྱང་མང་དུ་འགྲོ་སྲིད་པའི་ཉེན་ཁ་ཡོད། ངོ་ལོ་ ༣༠ སྔོན་དེར་ཕྱི་ལོ ༡༩༨༡ ལོའི་ཟླ་ ༦ ཚེས་ ༥ ཉིན་ཨ་རིའི་འགོས་ནད་ཆེད་མཁས་མི་སྣས་ཐོག་མར་རེག་དུག་ཅེས་པའི་ན་ཚ་དེ་ངོས་འཛིན་བྱས་པའི་རྗེས་ནས་ད་བར་ངོ་ལོ ༣༠ རིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་བསྡོམས་རྩིས་གཞིར་བཟུང་ན། འཛམ་གླིང་ཡོངས་ནས་མི་གྲངས་ས་ཡ་༦༠་ལྷག་ལ་རེག་དུག་ན་ཚ་འགོས་ཡོད་པ་དང་། དེ་ལས་ས་ཡ་ ༣༠ ལྷག་ན་ཚ་དེའི་དབང་གིས་འཆི་སྐྱོན་བྱུང་ཡོད།
རེག་དུག་ནད་འབུ་དེ་གང་དུ་གནས་ཡོད་དམ།
མི་ཡི་ལུས་ཀྱི་ཁྲག་དང་ཁུ་བ། མོ་མཚན་གྱི་ཟགས་ཆུ་དང་ནུ་འོ་བཅས་ཀྱི་ནང་དུ་འཚོ་བསྡོད་བྱེད་ཐུབ་ཀྱི་ཡོད།
རེག་དུག་ན་ཚ་དེའི་བྱེད་ལས་ཇི་འདྲ་ཞིག་ཡིན་སྙམ་ན།
རེག་དུག་ནད་འབུ་ ཕྲ་རབ་འདི་མིའི་ལུས་པོར་ཞུགས་རྗེས་ལུས་ཕུང་གི་རིམས་འགོག་ནུས་ཤུགས་དང་འགོ་མཆེད་རང་བཞིན་གྱི་ནད་དུག་སྔོན་འགོག་བྱེད་པའི་ནུས་པ་ཇེ་ཞན་དུ་འགྲོ མཐར་རིམས་འགོག་ནུས་ཤུགས་རྩར་མེད་དུ་གཏོང་། ལྷན་སྐྱེས་རིམས་འགོག་གི་ནུས་ཤུགས་དེ་ལ་ཁྲག་སྐུད་ཕྲ་ཕུང་ཡང་ཟེར་གྱི་འདུག དེ་ནས་ནད་འབུ་ཕྲ་མོའི་རིགས་ལ་འགོག་རྒོལ་བྱ་རྒྱུའི་ནུས་པ་ཇེ་ཞན་དང་རྩར་མེད་དུ་སོང་རྗེས། གནས་སྟངས་དེའི་འོག་ནས་འགོས་ནད་གང་ཞིག་ཡིན་རུང་ཐད་ཀར་འགོས་བསླ། དེ་ནས་མི་དེ་ལ། འཆམས་རིམས་དང་། གློ་ནད། མཆིན་ནད། ཐ་ན་སྐྱི་པགས་ལ་རྨ་ཏོག་ཙམ་བཟོས་པ་ཡང་རྩ་བ་ནས་དྲག་ཐབས་མེད་པའི་གནས་སུ་ལྷུང་བཞིན་ཡོད། ད་དུང་བཅོས་ཐབས་རྩ་བ་ནས་རྙེད་མེད། དེས་ན་འདི་སྔོན་འགོག་བྱ་བ་ནི་མི་རིགས་སམ་མི་སྒེར་སུ་ཡིན་ཡང་རུང་ཆེས་ཤིན་ཏུ་གལ་ཆེ་བའི་བྱ་བ་ཞིག་ཡིན་པས་བོད་གངས་ཅན་པའི་སྐྱེ་བོ་ཡོངས་ཀྱིས་རེག་དུག་སྔོན་འགོག་ལ་འབད་བརྩོན་བྱ་དགོས་སོ།
ནད་འདི་འགོ་བའི་བརྒྱུད་ལམ་ཆེན་པོ་གསུམ་ཡོད་དེ།
དང་པོ། ཕོ་མོ་ལུས་འབྲེལ་བྱས་པ་ལ་བརྟེན་ནས་འགོ་བ་དང་། གཉིས་པ། ཁྲག་ལ་བརྟེན་ནས་འགོ་བ་དང་། གསུམ་པ། མའི་མངལ་ལམ་ནུ་འོ་ལ་བརྟེན་ནས་འགོ་བའོ། ། དང་པོ་ལུས་འབྲེལ་ལས་འགོ་བ་ནི། ལུས་འབྲེལ་བྱེད་པའི་ཚེ་ཕོ་མོ་གང་རུང་ཞིག་ཨེ་ཛིའམ་རེག་དུག་ནད་གཞི་ཅན་ཡིན་ན། ལུས་འབྲེལ་བྱ་སྤྱོད་ཀྱི་བརྒྱུད་རིམ་ཁྲོད་ཨེ་ཙིའམ་རེག་དུག་གི་ན་ཚ་དེ་གསང་ལམ་དང་རྨ་ཁ། གས་སྐྱོན་སོགས་བརྒྱུད་ནས་གཞན་པའི་ལུས་པོར་འགོ་མཆེད་འབྱུང་གི་ཡོད། ཨེ་ཙིའམ་རེག་དུག་གི་ཉམ་ཞིབ་པས་བཤད་པ་ལྟར་ན་འདིའི་ནད་པ་བརྒྱ་ཆ་༨༠ཙམ་ཞིག་ལ་ལུས་འབྲེལ་གྱི་རྒྱུད་རིམ་ཁྲོད་ནས་འགོས་པར་བཤད་པས་འཆལ་སྤྱོད་ལུས་འབྲེལ་བྱེད་པའི་ཕོ་མོ་སུ་ཡིན་རུང་ཉེན་ཁ་ཤིན་ཏུ་ཆེ། གཉིས་པ་ཁྲག་ལས་འགོ་བ་ལ་ལྔ་སྟེ། དང་པོ། ནད་པའི་ལུས་ལ་ཁྲག་ཁབ་རྒྱག་པའམ་མཁལ་མ་སོགས་དོན་སྣོད་བརྗེ་བ་དང་། གཉིས་པ། དུད་ནག་པགས་འཇུག་ཁབ་ཆས་དང་། སྨན་ཁབ་གཙོས་སྨན་དཔྱད་ཀྱི་ཡོ་བྱད་དག་ལ་དུག་སེལ་མཐར་ཕྱིན་པ་མ་བྱས་པར་ལོངས་སྤྱོད་པ་དང་། གསུམ་པ། སྐྲ་བཞར་ཁང་མཛེས་བཟོ་ཁང་བཞིན་ལས་ཁང་འཕུར་མཉེན་ཁང་སོགས་ཀྱི་ཡོ་བྱད་ལ་དུག་སེལ་ཚད་ལྡན་མ་བྱས་པ་རང་ལ་བཀོལ་བ་ལས་འགོ བཞི་པ། འཚོ་བའི་ཡོ་བྱད་རྣམས་ལས་སྨར་བཞར་དང་སོ་ཕྱིས་དང་། སོ་ཐུར་དང་སེན་གྲི སྤྱི་སྒེར་གྱི་ལག་ཕྱིས་སོགས་ཁྲག་འགོ་རུང་བའི་ཡོ་བྱད་རྣམས་རེག་དུག་ཅན་གྱི་མིས་སྤྱད་པའི་དེ་དག་རང་གིས་བཀོལ་བ་ལས་འགོ་བའོ། ། ལྔ་པ། ཐད་ཀར་གཞན་ཁྲག་རང་ལ་འགོས་པ་ལས་འགོ
གསུམ་པ་ནི། ནད་དུག་ཅན་གྱི་མའི་མངལ་ན་ཡོད་པའི་ཕྲུ་གུ་དང་། དེའི་ནུ་འོ་འཐུང་བ་སོགས་བྱེད་པའི་བྱིས་པ་ལ་འགོ་བའོ། །
རྒྱུད་ལམ་གསུམ་གྱི་དང་པོ་སྔོན་འགོག་བྱེད་པ་ལ།
རང་གི་བཟའ་ཟླ་ལས་གཞན་ལ་ལུས་འབྲེལ་མི་བྱེད་ཅིང་། ཁྱད་པར་དུ་གཞང་ཁང་ནང་དུ་མི་འགྲོ་བ་དང་སྨད་འཚོང་མ་ལ་ལུས་འབྲེལ་གཙང་གཅོད་བྱེད་དགོས། ངེས་མེད་ལ་ལུས་འབྲེལ་བྱས་ན་ངེས་པར་དུ་སྦྲུམ་འགོག་ཐབས་ལམ་བསྟེན་དགོས།
མཚན་མཐུན་ལུས་འབྲེལ་བརྒྱུད་ཕོ་ལ་འགོས་བསླ་བ་དང་མཚན་བཟློག་ལུས་འབྲེལ་ནི་མོ་ལ་འགོས་བསླ་བར་བཤད།
འཆལ་སྤྱོད་ལུས་འབྲེལ་ནི། ཨེ་ཙིའམ་རེག་དུག་གི་ནད་གཞི་འགོས་མཆེད་འགྱུར་བའི་བརྒྱུད་ལམ་གྱི་ལྟེ་བ་ཡིན་པས། ཕོ་གཞོན་མོ་གཞོན་རྣམས་ཀྱིས་རང་ཉིད་གཙོ་བོར་བྱས་པའི་ད་ལྟའི་མི་རབས་དང་སྤྱི་ཚོགས། འབྱུང་འགྱུར་མི་རིགས་དང་སྤྱི་ཚོགས་ཀྱི་བདེ་སྡུག་ཆེད་དུ། འཆལ་སྤྱོད་ཀྱི་ལུས་འབྲེལ་མི་བྱེད་རྒྱུ་རང་འགན་རང་འཁྲི་ཡིན་པར་ངོ་ཤེས་པའི་ཐོག་ནས་བག་ཟོན་དང་སྟངས་འཛིན་ནན་མོ་བྱེད་རོགས་ཞེས་གཞེན་བསྐུལ་ཞུ་རྒྱུ་ཡིན།
གཉིས་པ་སྔོན་འགོག་བྱེད་པ་ལ་ལྔ་སྟེ།
རང་གི་ལུས་ལ་ཁྲག་རྒྱག་པ་དང་དོན་སྣོད་བརྗེ་དགོས་བྱུང་ཚེ་ཨེ་ཛིའམ་རེག་དུག་ནད་གཞི་མེད་པར་གཏན་ཁེལ་བྱས་པའི་རྟགས་མ་ཅན་གྱི་ཁྲག་རྒྱག་པ་དང་དོན་སྣོད་བརྗེ་བ་ལས་གཞན་གྱི་ཁྲག་རྒྱག་པ་དང་དོན་སྣོད་བརྗེ་མི་ཕོད། དེའི་སྨན་དཔྱད་ཡོ་ཆས་ལ་ཡང་དུག་སེལ་ལེགས་པོ་བྱས་ཡོད་མེད་བརྟག་དཔྱད་མི་བྱེད་ཐབས་མེད་རེད། གཉིས་པ། དུ་ནག་པགས་འཇུག་ཁབ་ཆས་ཐུན་མོང་དུ་གཏན་ནས་བཀོལ་མི་རུང་། སྨན་ཁབ་རྒྱག་དགོས་བྱུང་དུས་སྨན་ཁབ་ཐེངས་གཅིག་པ་ལས་མི་མང་པོ་ལ་བཀོལ་བའི་ཁབ་ཆས་མི་སྤྱད་པ་དང་། ཁབ་མགོ་དང་རྨ་རས་སོགས་ལ་མི་རེག་པ་དང་། ཁྲག་དང་བཅས་པའི་ནད་གཞི་སྨན་བཅོས་བྱེད་སྐབས་། སྨན་དཔྱད་ཡོ་བྱད་རྣམས་ལ་དུག་སེལ་ལེགས་པོ་བྱས་ཡོད་མེད་བརྟག་པ་དང་། ཚད་ལྡན་མིན་པའི་སྨན་ཁང་ནང་ནས་ཁབ་རྒྱག་པ་སོགས་གཏན་ནས་བྱེད་མི་ཕོད། གསུམ་པ། དུག་སེལ་ལེགས་པོ་མི་བྱེད་པའི་སྐྲ་བཞར་ཁང་དང་བཞིན་ལས་ཁང་མཛེས་བཟོ་ཁང་འཕུར་མཉེན་ཁང་སོགས་ནས་སྐྲ་བཞར་བ་སོགས་བྱེད་མི་ཉན། བཞི་པ། རང་ཉིད་ཀྱི་སྨར་བཞར་དང་སོ་ཕྱིས། ལག་ཕྱིས་སོགས་ལས་གཞན་གྱི་དེ་དག་མི་བཀོལ་བ་དང་། ལྔ་པ་། ཁྲག་ཐོན་པའི་རྨས་མ་སྐྱོབ་པའི་ཚེ་ན་དེའི་ཁྲག་རང་གི་ལུས་དང་ཁྱད་པར་དུ་རྨ་ཁ་ཡོད་ན་དེ་ལ་མ་རེག་པར་བྱེད་དགོས། རྒྱུད་ལམ་གསུམ་པ་སྔོན་འགོག་བྱེད་པ་ལ་གཉིས་ཏེ། བུད་མེད་རྣམས་ཀྱིས་ནམ་ཡང་ཨེ་ཛིའམ་རེག་དུག་གི་བརྒྱུད་ལམ་ལ་དོགས་ཟོན་ནན་མོ་བྱས་ནས་དེ་མི་འགོ་བར་བྱ་བ་དང་། གཉིས་པ་རང་ཉིད་ལ་རེག་དུག་ཡོད་པར་ཤེས་ན་མངལ་ཆགས་སུ་མི་འཇུག་པའི་ཐབས་ཤེས་བསྟེན་པ། ནུ་འོ་དང་མའི་ཁ་ནང་ནས་བུ་ལ་ཟས་མི་སྦྱིན་པ་སོགས་དགོས་སོ། མདོར་བསྡུ་ན། ཨེ་ཙིའམ་རེག་དུག་ཅན་གྱི་ཁྲག་དང་ཁུ་བ། ཟགས་ཆུ་དང་ནུ་འོ་གང་རུང་རང་གི་ཁ་ནང་དང་སྣ་ནང་། གཞང་དང་གསང་ལམ། རྨ་ཁ་དང་གས་སྐྱོན་ནང་དུ་སོང་ན། བརྒྱ་ཆ་བརྒྱད་ཅུ་ནས་དགུ་བཅུ་བར་རང་ཉིད་ལ་ཨེ་ཙིའམ་རེག་དུག་ན་ཚ་འགོས་རྒྱུ་ཐག་ཆོད་པ་རེད།
བྱ་སྤྱོད་འདི་འདྲའི་འོག་ནས་རེག་དུག་ནད་གཞི་མི་འགོས་པར་བཤད།
ཨེ་ཛིའམ་རེག་དུག་ནད་གཞི་ཅན་ལ་ལག་འཇུ་བྱས་པ་དང་། མཉམ་དུ་ཟས་ཟོས་པ་དང་། ཆུ་རྐྱལ་བྱས་པ་དང་། གནས་ཁང་དང་། ཆབ་ཁང་དང་། ཁ་རླངས་ཕོག་པ་ཙམ་གྱིས་རེད་དུག་གི་ནད་འགོ་བར་མི་འགྱུར་བར་བཤད་པས་རང་ལ་རེག་དུག་ནད་མ་འགོས་པའི་འོག་ནས་ཐབས་མཁས་ཀྱིས་རེག་དུག་ནད་པ་ལ་ཚད་མཐོ་པོའི་བྱམས་སྐྱོང་བརྩེ་གཟིགས་ནམ་ཡང་བྱེད་འོས་པ་ཡིན།
དོགས་ཟོན་བྱེད་དགོས་པ་དང་ཉེན་ཚབས་ཧ་ཅང་ཆེ་བའི་མི་སྣ།
སྨད་འཚོང་མ་དང་སྨད་འཚོང་མ་གླ་མཁན། དུད་ནག་པགས་འཇུག་བྱེད་མཁན། ངེས་མེད་ཀྱི་དགའ་རོགས་འཚོལ་མཁན།
ཁྲག་འཐེན་འཇུག་བྱེད་མཁན། ལུས་འཁྲུད་དང་འཕུར་མཉེན། གླུ་གར་དང་སྒྱུ་རྩལ་གྱི་ལས་སུ་ཞུགས་མཁན།
སྨན་ཁང་ནང་གི་སྨན་པ་དང་སྨན་གཡོག ཨེཙིའམ་རེག་དུག་སྔོན་འགོག་གི་ལས་ཀ་བ།
ཨེ་ཙིའམ་རེག་དུག་ཕོག་མཁན་གྱིས་འཕྲོད་བསྟེན་བྱེད་ཚུལ།
འཚོ་བཅུད་མི་ཤོར་བའི་ཟས་རིགས་ཟ་བ། རིམས་ནད་གཞན་མི་འགོ་བར་དོགས་ཟོན་བྱ་བ།
དུས་ལྟར་ཏུ་ཉལ་བ་དང་དུས་ལྟར་ཡར་ལངས་བ། ཆང་དང་དུ་བ། དུད་ནག་སོགས་ལ་མི་སྤྱོད་པ། སྤྲོ་སྣང་དང་སྙིང་སྟོབས་སྐྱེད་པ། བག་ཡངས་དང་ཕན་སེམས་བསྐྱེད་པ་གལ་ཆེན་ཡིན།།
ཞོར་དུ་མཁྱེན་ལྡན་རྣམས་ལ་དྲི་རྟགས་ཆུང་ཆུང་ཞིག་ཡོད་པ་དེ་ནི།
མཆིལ་མ་དང་དངུལ་ཆུ་དྲོད་མོ་རྨ་ཁ་སོགས་སུ་སོང་ན་ཨེ་ཙིའམ་རེག་དུག་ནད་གཞི་འགོས་མཆེད་འགྱུར་རམ།
གཅིག་སྡུད་གཅིག་ཆོག་ལམ་དང་ལུགས་སྲོལ་དེས།།
མི་མང་བདེ་བའི་རང་དབང་འཕྲོག་པ་བཞིན།།
འཕྲད་པའི་མོད་ལ་ཐར་མེད་རི་མོ་འབྲི།།
རེག་དུག་ནད་དེས་ལང་ཚོའི་གཟི་མདངས་འཕྲོག །
འདན་མའི་མདའ།
རག་ཤུལ་དཔལ་ལྡན་དོན་འགྲུབ་ཀྱིས་བྲིས།།
