དོན་གྲུབ་དབང་ཆེན་ལ་གསར་འགོད་པའི་གཟེངས་རྟགས།
ཟླ་༡༡ ཚེས་༢༠ ཉིན་ནེའུ་ཡོག་ཏུ་བརྟེན་གཞི་བྱས་པའི་གསར་འགོད་པ་སྲུང་སྐྱོབ་ཚོགས་ཞིག་གིས་(Committee to Protect Journalist)ཕྱི་ལོ་༢༠༡༢ ལོའི་རྒྱལ་སྤྱིའི་གསར་འགོད་རང་དབང་གི་གཟེངས་རྟགས་དེ་ཆབ་སྲིད་བཙོན་པ་དོན་གྲུབ་དབང་ཆེན་དང་། གཞན་གསར་འགོད་པ་མི་གསུམ་ལ་འཕུལ་འདུག
གསར་འགོད་པ་སྲུང་སྐྱོབ་ཚོགས་པའི་འགན་འཛིན་ཇཱོལ་སི་མོན་ལགས་ཀྱི་གཟེངས་རྟགས་དེའི་སྐོར་གསུང་དོན། འདི་ལོའི་གཟེངས་རྟགས་བཞེས་མཁན་གསར་འགོད་པ་བཞི་པོ་ནི་སོ་སོའི་གསར་འགོད་པའི་ལས་ཀའི་རྒྱུད་རིམ་ནང་ཆེས་ཉེན་ཁ་དང་། འཇིགས་སྐུལ། རྡུང་རྡེག དྲག་གནོན་མི་སྤྱོད་ལས་འདས་པའི་དཀའ་ངལ་འཕྲད་ཡོད་པ་རེད་ཅེས་དང། ཁོང་གིས་མུ་མཐུད། ཁོང་ཚོས་དྲང་བདེན་ལ་བརྩི་སྲུང་ཞུ་ཆེད་སོ་སོའི་སྲོག་ལ་ཡང་ཉེན་ཁ་ཡོད་པ་དེར་འཛེམས་ཟོན་མི་བྱེད་པ་ནི་ང་ཚོར་སེམས་ཤུགས་སྟེར་གྱི་འདུག་ཅེས་གསུངས་འདུག
གསར་འགོད་པ་གཞན་གསུམ་པོ་ནི་ཀིར་གྷི་སི་ཐན་དང། བྷིར་ཛིལ། ལི་བྷེ་རི་ཡ་བཅས་ནས་ཡིན་པ་དང། ཀིར་གྷི་སི་ཐན་ནས་ཡིན་པའི་གསར་འགོད་པ་ཨ་ཛིམ་ཇོན་ཨ་ས་ཀ་རོབ་དང་དོན་གྲུབ་དབང་ཆེན་གཉིས་ད་ལྟ་བཙོན་འཇུག་ཏུ་ཡོད་པའི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོར་བཅར་ཐུབ་ཀྱི་མེད་པ་རེད་འདུག།