ཁམས་ལི་ཐང་གི་མཆོད་འབུལ་སྨོན་ལམ།

news_about_luthang123ཟླ་འདིའི་ཚེས་༡༨ ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༠ པའི་ཐོག་ཧྥ་རན་སིའི་རྒྱལ་ས་ནས་ལི་ཐང་སྐྱིད་སྡུག་ཚོགས་པའི་གོ་སྒྲིག་འོག བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཞབས་རིམ་གསོག་སྒྲུབ་དང་སྨོན་ལམ་མཆོད་འབུལ་གྱི་ལས་འགུལ་ཞིག་སྒོ་སོག་རིན་པོ་ཆེའི་ཆོས་ཚོགས་བདེ་ཆེན་འོད་ཟེར་གླིང་དུ་སྤེལ་ཡོད་པ་རེད།

ལི་ཐང་སྐྱིད་སྡུག་གི་ཚོགས་གཙོ་བློ་བཟང་ལགས་ཀྱིས་ལས་འགུལ་དེའི་སྐོར་ངོ་སྤྲོད་གནང་དོན།   ང་ཚོའི་སྐྱིད་སྡུག་གི་ངོས་ནས་དེ་རང་ཞབས་རིམ་དང་མཆོད་འབུལ་སྨོན་ལམ་ཚོགས་དགོས་དོན་ནི་རྒྱུ་མཚན་གསུམ་ཡོད། དང་པོ་བོད་མི་ཡོངས་ཀྱི་བླ་ན་མེད་པའི་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་ཅིང་གཞིས་བཞུགས་བོད་མིའི་མངོན་འདོད་ལྟར་ཁོང་མྱུར་དུ་བོད་ལ་འཕེབས་ཐུབ་པའི་ཆེད་དུ་ཞབས་རིམ་གསོགས་སྒྲུབ་དང་། གཉིས་པ་བོད་མིའི་རང་དབང་གི་ཆེད་དུ་རང་ཉིད་ཀྱི་སྐུ་སྲོག་བློས་བཏང་ནས་སྐུ་ལུས་མེར་སྲེག་གནང་མཁན་ཚོ་དང་ལྷག་པར་དུ་སྐུ་འདས་གྲོངས་སུ་གྱུར་ཟིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་སྨོན་ལམ་མཆོད་འབུལ་དང་། གསུམ་པ་བོད་མིའི་རང་དབང་གི་ཆེད་དུ་རྒྱ་ནག་གི་གཙོན་འོག་ན་སྡུག་སྦྱོང་མནར་གཅོད་མྱངས་དང་མྱོང་བཞིན་པའི་ཆབ་སྲིད་བཙོན་པ་རྣམས་མྱུར་དུ་གློད་གྲོལ་ཡོངས་བའི་ཆེད་དུ་ཡིན་ཞེས་འགྲེལ་བརྗོད་གནང་ཡོད་པ་རེད།

news_of_luthang

གཞན་ཡང་བོད་ནང་ཁམས་ལི་ཐང་དགོན་ཆེན་མཚན་ཉིད་གྲྭ་ཚང་གི་ཆོ་རྭའི་ནང་དུ་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་ཆེན་མོ་གདན་ཞུས་ཐོག མི་མང་ཆིག་ཁྲི་ལྷག་འདུ་འཛོམས་གནང་ནས་རྒྱལ་བའི་ཞབས་བསྟན་གསོལ་འདེབས་དང་བོད་བརྟན་སྲིད་ཆེད་སྐུ་ལུས་ཞུགས་འབུལ་གནང་མཁན་ཚོར་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དུ་བསྔོ་སྨོན་མཆོད་འབུལ་དང་མཎི་གསོག་སྒྲུབ་ཀྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་ཡོད་སྐོར་ཡང་ཧྤ་རན་སིའི་ལི་ཐང་སྐྱིད་སྡུག་གི་ཚོགས་གཙོ་བློ་བཟང་གིས་བརྗོད་སོང་།།
མོན་གྷོ་གསར་འགོད་པས།