༄༅།།ཞོགས་པ་དེར་།
འགྲོ་བ་ཡོད་ཚད་ཚང་དུ་ལུས་པའི་ཞོགས་པ་དེར་།།
རྩེ་ཤིང་མ་ལུས་མགོ་བོ་གུག་པའི་ཞོགས་པ་དེར་།།
ཁྱོད་དང་ང་གཉིས་སོ་སོར་གྱིད་པ་ཨེ་དྲན་ལགས་།།
སེམས་ཀྱི་གདུང་བས་སྙིང་རྩ་འགུལ་བའི་ཞོགས་པ་དེར་།།
གདོང་གི་མིག་ཆུ་ས་ལ་ལྷུང་བའི་ཞོགས་པ་དེར་།།
ཁོ་བོའི་གོམ་ཁ་རྒྱབ་ལ་ཕྱོགས་པའི་ཞོགས་པ་དེར་།།
མཐའ་མའི་སྙིང་གཏམ་ཅི་ཞིག་བཤད་པ་ཨེ་དྲན་ལགས།།
འཁྱུད་པའི་ལག་པ་དེལ་གྱིས་བཀྲོལ་བའི་ཞོགས་པ་དེར་།།
མིང་ཟུང་ཅི་རེལ་ཁྱོད་ལ་ལྟས་པའི་ཞོགས་པ་དེར་།།
ལྷན་འགྲོགས་བྱ་བར་སྐྱར་དྲན་བྱེད་པའི་ཞོགས་པ་དེར་།།
གཡོ་མེད་དམ་བཅའ་ཅི་ཞིག་བཞག་པ་ཨེ་དྲན་ལགས་།།
རླུང་ཚུབ་དྲག་པོས་ཁ་བ་ཁྱེར་བའི་ཞོགས་པ་དེར་།།
ལས་དབང་ངན་པས་ང་རང་ཁྱེར་བའི་ཞོགས་པ་དེར་།།
གདོང་གི་མིང་ཟུང་དལ་གྱིས་་བཙུམས་པའི་ཞོགས་པ་དེར་།།
སྐྱར་དུ་འཕྲད་པའི་སྨོན་ལམ་བཏབ་པ་ཨེ་དྲན་ལགས་།།
གང་ཆུའི་ཐིགས་པས་རྐང་མགོ་སྦངས་པའི་ཞོགས་པ་དེར།།
བྲང་གི་གྱོན་གོས་མིག་ཆུས་བརླན་པའི་ཞོགས་པ་དེར་།།
འགོག་མེད་ལས་ལ་ཁང་ར་བྱེད་པའི་ཞོགས་པ་དེར་།།
ཁོ་བོའི་ཁ་ནས་དབུགས་རིང་ཤོར་བ་ཨེ་དྲན་ལགས་།།
སེམས་དང་ལུས་པོ་ཁ་ཁར་གྱེད་པའི་ཞོགས་པ་དེར་།།
བྲལ་བའི་གདུང་བ་ནང་དུ་སྦས་པའི་ཞོགས་པ་དེར་།
སོ་སོའི་ལག་པས་མིག་ཆུ་ཕྱེས་པའི་ཞོགས་པ་དེར་།།
ཐགས་རིང་ས་ནས་རྒྱང་ལྟ་བྱས་པ་ཨེ་དྲན་ལགས་།།
རྒྱུས་མེད་ས་མཐར་ངེས་མེད་འཁྱམས་པ་ཨེ་ཤེས་ལགས་།།
ཁྱོད་ཉིད་དྲན་པས་ལུས་ཟུངས་ཉམས་པ་ཨེ་ཤེས་ལགས་།།
ལོ་དང་ཟླ་བར་ཁྱོད་ཉིད་དྲན་པ་ཨེ་ཤེས་ལགས་།།
ནམ་ཞིག་འཕྲད་པའི་སྟོང་བསམ་བཅང་པ་ཨེ་ཤེས་ལགས་།།
མ་བསམ་ས་ནས་ཁྱོད་ཉིད་དྲན་པ་ཨེ་ཤེས་ལགས་།།
སེམས་ཀྱི་སྐད་ཆ་བཤད་ཡུལ་མེད་པ་ཨེ་ཤེས་ལགས་།།
ཁྱོད་ཀྱི་པར་ལ་ལན་བརྒྱར་ལྟས་པ་ཨེ་ཤེས་ལགས་།།
གྱེས་ཁའི་སྙིང་གཏམ་དྲན་པའི་ངོས་ནས་ཡལ་མེད་ལགས་།།
ཉ་ཆུ་མཐོང་བས་ཁྱོད་ཉིད་དྲན་པ་ཨེ་ཤེས་ལགས་།།
བརྩེ་གྲོགས་མཐོང་བས་ཁྱོད་ཉིད་དྲན་པ་ཨེ་ཤེས་ལགས་།།
ངང་པ་ཟུང་གིས་དྲན་སྐུལ་བྱས་པ་ཨེ་ཤེས་ལགས་།།
མཐོང་སྣང་ཀུན་གྱིས་མིག་ཆུ་སྟེར་བ་ཨེ་ཤེས་ལགས་།།
ཁྱོད་ཉིད་དྲན་པས་སྙིང་གི་ན་ཟུགས་རྒྱས་སོང་ངོ་།།
སེམས་ཀྱི་སྐད་ཆ་ཡི་གེའི་གཟུགས་སུ་བཀོད་ཡོད་དོ་།།
བཐུར་དུ་བཞུར་བའི་མིག་ཆུའི་ཐིགས་པ་བསགས་ཡོད་དོ་།།
འདས་པའི་ལོ་ཟླ་རྫུབ་མོའི་རྩེ་ནས་རྩིས་ཡོད་དོ་།།
