༄༅།།དུས་ལ་བབ་འདུག

སྤྱི་ལོ་དུས་རབས་བདུན་པའི་ནང་རོལ་ཞིག་ལ་།།

ཡབ་མེས་སྲོང་བཙན་སྒམ་པོའི་དགོངས་པ་ལྟར་དུ་།།

མཐོན་མིས་འཕགས་པའི་ཡུལ་དུ་དཀའ་བ་སྤྱད་ནས་།།

ལྐུག་པས་སྐད་ཆ་བཤད་པའི་དུས་བཟང་བྱུང་ཡོད་།།

སྔོན་བྱོན་དམ་པ་སྟོང་གི་ཁྲག་རྒྱུན་བཟང་པོས་།།

ཡབ་མེས་བཙན་པོ་ཉི་ཤུའི་བཤུལ་བཞག་རིན་ཆེན་།།

ལས་ངན་གངས་ཅན་འགྲོ་བའི་མིག་གིས་མཐོང་སར་།།

ཚེ་གཅིག་སངས་རྒྱས་སྒྱྲུབ་པའི་གདམས་པ་བསྒྱུར་ཡོད་།།

འོན་ཀྱང་དེང་སྐབས་མཁན་བླའི་མིང་འཛིན་འགའ་ཡིས་།།

དམ་ཆོས་རྒྱུ་དངོས་སྒྲུབ་པའི་མཁོ་ཆས་མཛད་དེ་།།

ཚུལ་མིན་དམ་ཆོས་ཡིན་ཟེར་གང་སར་བསྒྲགས་དུས་།།

འབྱུང་འགྱུར་བསྟན་པའི་ཉི་མ་སྤྲིན་གྱིས་བསྒྲིབ་ངེས་།།

དམ་པ་སྔོན་མ་གང་གི་སྤྲུལ་པ་ཡིན་ཟེར་།།

དམ་པའི་རང་རྟགས་མེད་པར་ཁྱིམ་པའི་སྤྱོད་ཚུ་།།

གསལ་གསལ་མིག་གི་མདུན་དུ་ལེགས་པར་འཆར་རུང་།།

ད་དུང་སྐྱབས་སུ་འཛིན་པ་སྨྱོན་པའི་ལུགས་རེད་།།

བླ་སྤྲུལ་ངོས་འཛོན་བྱེད་པའི་ལམ་སྲོལ་ཡོད་ཀྱང་།།

བླ་སྤྲུལ་བཟོ་བ་ཟེར་བའི་གཏམ་ཞིག་མེད་མོད་།།

དེང་དུས་ཕྱི་གླིང་ཡུལ་འདིར་བྱ་ངན་འདི་འདྲ་།།

ཧ་ཅང་ཉུང་ཉུང་མིན་དེ་ཤིན་ཏུ་མང་ངོ་།།

བསྟན་པ་ཉམས་པར་དོགས་པའི་སེམས་པ་འགའ་ཡིས་།།

དུང་དུང་གནས་ལུགས་འགའ་ཞིག་ལན་འགའ་གསུངས་ཀྱང་།།

རྣ་མ་ནང་དུ་ཕྱོགས་པའི་བླ་ཆེན་འགའ་ཡིས་།།

རྒྱུ་དང་དངོས་པའི་དོན་དུས་འདི་ལྟར་བྱས་སོང་།།

བསྟན་པའི་སྐྱབས་རྗེ་ཡིན་ཟེར་དགོན་པ་བཏབ་ནས་།།

མི་ཤེས་མུན་པའི་ཡུལ་ནས་ལོ་ཆུང་ཁྲིད་ཡོང་།།

གྲྭ་ཆས་ལུས་ལ་བསྐོན་ནས་དགོན་དུ་བཅུག་རྗེས་།།

རྒྱུ་དང་མིང་གི་དོན་དུ་ཕྱི་གླིང་བསྐོར་སོང་།།

ཨེ་མ་བླ་མ་སངས་རྒྱས་བྱང་སེམས་དཔའ་བོ་།།

ད་ནི་བསྟན་པ་ཉམས་པའི་དུས་ལ་བབ་འདུག

བསྟན་ལ་སེམས་ཁྲལ་ཆེ་བའི་དགེ་སྦྱོང་ཡོད་ན་།།

རང་གི་དགོངས་འཆར་གསུང་པའི་དུས་ལ་བབ་འདུག

ཁོ་བོས་འདི་ལྟ་བཤད་པ་དུང་ཞེན་མིན་ཡང་།།

དོན་དངོས་ཁ་ནས་བཤད་རྒྱུ་རང་གི་གཤིས་རེད་།།

འཇིག་ས་སྐྲག་ས་ཟེར་བ་སྲིད་འདིར་མེད་དུས་།།

དེང་དུས་སྨྲ་བརྗོད་རང་དབང་སྤྱོད་ཙམ་བྱས་ཡོད་།།

སྐད་ཆ་སེམས་ལ་ཉར་ན་སྡུག་གི་རྒྱུ་རེད་།།

བཤས་པའི་དུས་ལ་བབ་ཀྱང་མ་བཤད་གནས་ན་།།

རང་ལ་ཁ་་ཞིག་ཡོད་པའི་དགོས་པའི་མ་གྲུབ་།།

གལ་ཆེའི་སེམས་གཏམ་ཡོད་ན་ཀུན་ལ་བཤད་དགོས་།།

སྟག་ཚང་་རིག་རྒོད་ཀྱིས་སྤྱི་ལོ་༢༠༡༢ཟླ་བ་༡༡ཚེས་༢༢ཉིན་ས་མཐའ་ཞིག་ནས་བྲིས་།།  །།