༄༅།།འདབ་ཆགས་བུང་བའི་སྤྱོད་བཟང་།
རྐང་དྲུག་བུང་བས་འདམ་གཤོག་ཟུང་གིས་ཤིས་རིགས་ནམ་མཁའི་དབྱིངས་སུ་།།
ལྡེང་སྐོར་རྒྱག་བཞིན་མཛེད་པའི་ཡུལ་གྱི་བཀོད་པར་ལྟས་ནས་ཀླུ་དབྱངས་ལན་།།
རྐང་དྲུག་བུང་བས་ངལ་བ་སྤངས་ནས་འདམ་སྐྱིད་རྫིང་བུའི་ཕྱོགས་བཞི་རུ་།།
འབྲུ་རིགས་སྣ་ལྔའི་རོ་བཅུད་འཚོལ་བཞིན་རང་ཚང་བདེ་བའི་ཐབས་ལ་འབད་།།
འདབ་ཆགས་ཕེལ་ཆེར་འབྲས་བུ་འཐུ་རུ་ཡུལ་ལུང་ངེས་མེད་རྒྱུ་བཞིན་གནས་།།
གཡུ་སྦྲང་བུང་བས་ཆོག་ཤེས་བྱས་ནས་པདྨའི་འགྲམ་དུ་བདེ་བར་གཟེམས་།།
རྟ་བདུན་དབང་པོའི་འཆར་ནུབ་སྒུག་ནས་ལོ་དང་སླ་བ་ཁྱད་ཀྱིས་འདས་།།
ཡལ་འདབ་སྟིང་དུ་འདབ་གཤོག་སྐྱང་ནས་སྒེར་ཚུགས་བསམ་པས་དགའ་བ་བསྐྲུན།།
སྦྲང་རྩི་འཐུ་བར་ཤིས་རིག་ལྡན་པས་འདབས་མའི་མདོག་ལ་མ་གནོད་པར་།།
སྦྲང་རྩི་བླངས་ཏེ་འདོད་འདུན་སྒྲུབ་པ་དཔྱོད་ལྡན་བུང་བའི་ངང་ཚུལ་ཡིན་།།
ལྟོ་བ་འགྲང་དུས་གཤོག་ཟུང་གཡུག་བཞིན་མཁའ་ལ་འཕུར་ལྡེང་བྱེད་པའི་དུས་།།
རིགས་མཐུན་གཞན་ཡང་གཉིད་ལ་སད་དེ་ཁྱོད་དང་ཕུར་རྩེལ་འདྲེན་པར་བྱེད་།།
རྐང་དྲུག་བུང་བས་རང་ཚུགས་གཏན་པོས་པདྨའི་སིབ་ཏུ་དྲུང་པོར་གནས་།།
གཡུ་འབྲུང་སྔོན་མོས་ངར་སྐད་སྒྲོག་དུས་ཟིེར་སྒྲ་དང་བཅས་དགུང་དུ་ལྡེང་།།
དབྱར་གྱི་མེ་ཏོག་བཞད་པར་སྤྲོ་ནས་ཉམས་འགྱུར་ལྡན་པའི་གྲོ་གར་འཁྲབས།།
རྭ་གཉིས་དར་དཀར་ལྷབ་ལྷུབ་གཡུག་བཞིན་དཔྱིད་ཀྱི་པདྨོར་བསུ་བ་བྱེད་།།
གསར་སྐྱིས་པདྨའི་ལྗང་མདོག་རྒྱས་དུས་རྐང་དྲུག་ཚོགས་ཀྱིས་ས་གཞི་ཁེངས་།།
བུང་བ་སྟོང་གིས་པདྨའི་སྦྲང་རྩི་དལ་གྱིས་འཐུས་ནས་མཁའ་ལ་ཕུར་་།།
དུས་གསར་དགའ་སྟོན་རྫོགས་པ་མེད་པར་གླུ་དང་གར་གྱི་ཉམས་འགྱུར་གྱིས་།།
འགྲོ་མ་མང་པོར་འཛུམ་མདངས་བསྐྲུན་ནས་ས་འཛིན་ཡོངས་སུ་དགོད་སྒྲས་ཁེངས་།།
ཅིས་པ་འདི་ནི་སྟག་ཚང་རིག་རྒོད་ཀྱིས་སྤྱི་ལོ་༢༠༡༢ཟླ་བ་༡༡ཚེས་༢༢ཉིན་ས་མཐའ་ཞིག་ནས་བྲིས་པའོ།། །།
