རང་ལུས་མེར་བསྲེགས་དང་མ་འོངས་བོད།
ཡེ་ཤེས་བསྟན་འཛིན། བྷུན་ཏར་མཐོ་སློབ།
༈ ཕྱི་ལོ་༢༠༠༨ ལོར་གསུམ་བཅུ་དུས་དྲན་ནས་བཟུང་བོད་ནང་ཞི་བའི་སྒེར་ལངས་ཤུགས་ཆེར་བྱུང་ནས་བོད་མི་ཕྱི་ནང་གཉིས་ཀྱི་སེམས་ནང་རྒྱ་གཞུང་ལ་མི་དགའ་བ་དང་། བོད་དུ་རྒྱ་ནག་དམར་པོའི་གཞུང་གི་མཁྲེགས་བཟུང་གིས་སྲིད་བྱུས་ལག་བསྟར་བྱེད་པ་དེ་ལ་བཟོད་ཐབས་བྲལ་ནས་རང་གི་རྩ་ཆེ་ཡི་ཚེ་སྲོག་འདི་བཞིན་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་དམིགས་ནས་དཔའ་བོ་དང་དཔའ་མོ་མང་པོས་སྐུ་ལུས་མེ་མཆོད་དི་གཅིག་རྗེས་གཉིས་མཐུད་ཀྱིས་ཕུལ་ཏེ།
གཞིས་བྱེས་བོད་མི་རྣམས་ལ་སེམས་ཤུགས་བརྟན་པོ་འཛིན་རྒྱུ་དང་རྡོག་རྩ་གཅིག་སྒྲིལ་བྱེད་རྒྱུའི་བློ་སྟོབས་གསར་p་ཞིག་སྤྲད་བ་མ་ཟད། འཐབ་རྩོད་ཀྱི་སྒྲོན་མེ་མུ་མཐུད་གནས་ཕྱིར་ཁོང་རྣམ་པའི་སེམས་ཤུགས་ཞུམ་མེད་ངང་སྙིང་སྟོབས་བཅངས་ནས་ཚེ་སྲོག་མེ་རུ་བསྒྲོན་པ་དེ་ངོ་མཚར་ཅན་ཞིག་དང་གཟི་བརྗིད་ལྡན་པ་ཞིག་ཏུ་མཐོང།
རྒྱ་ནག་གི་ཆེས་རང་དབང་བྲལ་བའི་དྲག་སྤྱོད་ཀྱིས་སྲིད་བྱུས་ལ་བོད་ཀྱི་རིག་གཞུང་དང་མི་ཪིགས་རྩ་མེད་འགྲོ་ཉེ་བའི་རྐྱེན་ཁོང་རྣམས་ཀྱིས་<<བོད་ལ་རང་དབང་དགོས་པ་དང་༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་ཞུ་དགོས་པ་>>གཙོ་བོ་གཉིས་ལ་དམིགས་ཏེ། མཐའ་མའི་འབོད་སྒྲ་གནང་བ་རྣམས་འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་དང་རྒྱལ་སྤྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དངོས་ཡོད་གནས་ཚུལ་ལ་རྒྱབ་སྐྱོར་ཅི་ནས་གནང་སྐྱོང་ཡོང་བ་དང་། བོད་ནང་གི་དེང་སང་གནས་བབས་ལ་ཞིབ་དཔྱོད་ཀྱི་མི་སྣ་ཁག་དང་གསར་འགོད་པ་རྣམས་ཀྱིས་གནས་ཚུལ་ངོ་མ་དག་རྒྱལ་སྤྱིའི་ཐོག་སྤུངས་ཐབས་བྱེད་ཐུབ་དགོས་པ་ཡིན།
དེ་ཡང་ཉི་ཧོང་དུ་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་བཅར་བ་རྣམས་ལ་ཞུ་གསོལ་ལྟར་ན་ རྒྱ་གཞུང་གི་བོད་མིར་ཅི་ཙམ་གྱིས་དྲག་གནོན་བྱས་པ་དེ་ཙམ་གྱི་བོད་མི་རང་སྐྱོང་རྩོད་རྒྱུ་སེམས་ཤུགས་དེ་ཆེ་རུ་འགྲོ་རྒྱུ་ཡིན་པ་ནི་རྒྱ་གཞུང་ལ་དགོངས་བཞེས་གནང་དགོས་པའི་བརྡ་གསལ་ཞིག་ཕུལ་ཡོད།
གཞན་ཡང་ཧྥ་རན་སིའི་ཕྱི་འབྲེལ་མགྲིན་ཚབ་པ་ལྦེ་ལེ་རོ་Bernard Valeroམཆོག་གིས་བོད་ནང་བུད་མེད་ཀྱིས་མེར་སྲེག་བཏང་ནས་རྒྱ་གཞུང་ལ་ཞི་རྒོལ་ནི་བོད་མི་རྣམས་འ་ཆད་འུ་ཐུག་གི་སྐབས་ལྷུང་བ་རེད། རྒྱ་བོད་གཉིས་གྲོས་མོལ་གནང་དགོས་པ་དང་། རྒྱ་གཞུང་རྣམས་འགྲོ་བ་མི་ཐོབ་ཐང་བརྩི་འཇོག་དགོས་པའི་རེ་འབོད་གནང་ཡོད་འདུག དེ་བཞིན་ཡུ་རོབ་གྲོས་ཚོགས་ནང་མང་གཙོ་དང་འགྲོ་བ་མི་ཐོབ་ཐང་འགན་འཛིན་རྣམས་གཉིས་ཀྱི་རྒྱལ་སྤྱིའི་སྤྱི་ཚོགས་ནང་རྒྱ་གཞུང་ལ་སྐྱོན་བརྫོད་བྱས་མེད་ན་ཡང་། ཡུ་རོབ་རྒྱལ་ཁབ་ཀྱི་ཚབ་བྱས་ཏེ་རྒྱ་གཞུང་གི་དམ་དྲག་སྲིད་བྱུས་ལ་སྐྱོན་བརྗོད་བྱ་རྒྱུ་དུས་ལ་བབས་ཡོད་འདུག་ཅེས་རྒྱབ་སྐྱོར་ཤུགས་ཆེར་གནང་ཡོད།
དེ་བཞིན་བཙན་བྱོལ་བོད་མི་ཡི་ཚོགས་པ་ཁག་དང་དཔའ་བོ་དཔའ་མོ་དུ་མ་ཞིག་གིས་གདུང་སེམས་མཉམ་བསྐྱེད་སླད་དུ་ཞི་བའི་ངོ་རྒོལ་དང་མར་མེ་ཁྲོམ་སྐོར། ཟས་བཅད་ངོ་རྒོལ་སོགས་གནང་བཞིན་ཡོད་ལ། གཞན་ཡང་བོད་མི་ཡོངས་རྫོགས་འདི་ལོར་དུས་ཆེན་དང་སྐྱིད་སྤྲོ་བྱེད་སྒོ་རྣམས་རྒྱས་སྤྲོས་གཏོང་མི་དགོས་པ་དང་བོད་མི་གནས་བབ་ལ་འགྲེལ་བརྗོད་དང་རྒྱབ་སྐྱོར་གནང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།
དེ་ཡང་བོད་མི་རང་ལུས་མེར་སྲེག་གི་གྲངས་འབོར་ནི་ལོ་རྒྱུས་ཤིག་ཆགས་ཡོད་པས་རྒྱ་ནག་གི་དེའི་ཐོག་དངོས་ཡོད་དཀའ་ངལ་ལ་བསམ་ཏེ་གནས་ཚུལ་ལ་མཐུན་པ་དང་སྲིད་བྱུས་ལག་བསྟར་མི་བྱེད་ན་དཀའ་རྙོག་དེ་ཛ་དྲག་ཏུ་འགྲོ་རྒྱུ་ནི་བཤད་མི་དགོས་པ་ཞིག་རེད།
མཐར་ཕ་ཡུལ་གྱི་དཔའ་བོ་དཔའ་མོ་རྣམས་ཀྱི་རང་ལུས་མཆོད་ཕུལ་བྱས་པ་རྣམས་ལ་ལྷ་མི་གོ་འཕང་ཐོབ་པ་དང་འབོད་སྒྲ་དང་ཁ་ཆེམས་གཙོ་བོ་རྣམས་མགྱོགས་མྱུར་སྒྲུབ་པའི་སྨོན་འདོན་ཞུ་བ་དང་འདི་ལོ་བཙན་བྱོལ་ནང་རྒྱས་སྤྲོས་ཀྱི་དགའ་སྟོན་ཅི་ནས་ཀྱང་མི་བྱེད་པར་དཔའ་བོ་དཔའ་མོ་རྣམས་མྱ་ངན་གུས་འདུད་ཞུ་རྒྱུའི་རེ་འབོད་ཞུ་ཡི་ཡོད།།