ཐུགས་རྗེ་ལེགས་འབུལ་གྱི་ཉི་མ་བཟང་། །
ཐུགས་རྗེ་ལེགས་འབུལ་གྱི་ཉི་མ་དེ་ནི། སྤྱིར་བཏང་ཡི་ཤུ་ཆོས་ལུགས་པ་དང་སྟོན་འབྲས་བསྡུ་བའི་ནམ་དུས་ཀྱི་རྟེན་འབྲེལ་མཛད་སྒོ་ཞིག་ཡིན་པར་བཤད། དུས་སྟོན་དེ་ལྷོ་ཨ་མི་རི་ཀ་ལ་དར་སྲོལ་ཡོད་ནའང་ཐོག་མར་དབྱིན་ཇིའི་ཡི་ཤུའི་ཆོས་ལུགས་གསར་མ་ལེགས་བཅོས་བྱུང་རྗེས་སུ་དར། སྐབས་ཤིག་ལ་དབྱིན་ཇིའི་སྟོན་ཐོག་བསྡུ་བའི་དུས་མཆོད་ལྟ་བུ་ཞིག་ཏུ་བརྩི་སྲོལ་བྱུང་ཡང་སྟོན་དུས་དེ་ནི་སྤྱི་ཟླ་བཅུ་གཅིག་སྔོན་ལ་ཡིན་ཀྱང་མཛད་སྒོ་དེ་ཟླ་བ་བཅུ་གཅིག་ལ་བཏང་གི་ཡོད།
སྤྱི་ལོ་༡༥༣༦ ལོར་ཧན་རིའི་བརྒྱད་པའི་རྒྱལ་སྲིད་བསྐྱངས་སྐབས་དམིགས་བསལ་ཆོས་ལུགས་དང་འབྲེལ་ནས་ཐུགས་རྗེ་ལེགས་འབུལ་གྱི་སྲོལ་རྒྱུན་དེ་གཙུག་ཆེར་འཛིན་ཅིང་སྐབས་དེ་དུས་ཀྱི་རོ་མན་ཐོ་ལིག་ཆོས་ལུགས་ཀྱི་ལོ་ཐོའི་རེའུ་མིག་ནང་འགོད་པའི་ལྷ་ཁང་གི་དུས་ཆེན་༩༥་དང་གཟའ་ཉི་མའི་དུས་ཚིགས་༥༢་བཅས་ཁྱོན་བསྡོམ་དུས་ཆེན་༡༤༧་ཁག་ལ་མི་དམངས་ཀྱི་ལས་ཀ་འཕྲོ་ཆད་བྱས་ནས་ལྷ་ཁང་ལ་འགྲོ་མི་ཐུབ་པ་དང་མཚམས་རེར་ལས་གླ་འཕར་སྣོན་བྱེད་དགོས་པ་སོགས་དཀའ་ངལ་དུ་མ་ཞིག་མཆིས་པ་རྣམས་སྤྱི་ལོ་༡༥༣༦་ལོར་ལྷ་ཁང་གི་དུས་ཆེན་ཁག་ཉི་ཤུ་རྩ་བདུན་དུ་ལེགས་བཅོས་བྱས་འདུག །དེ་མིན་གཞན་རིག་གསར་སྡོམ་ཁྲིམས་པ་མང་པོ་ཞིག་གིས་གཞི་རྩའི་དུས་ཆེན་ཁག་ཡོངས་རྫོགས་མེད་པར་བཟོས་དགོས་པས་གྲོས་གཞི་ཞིག་བཞག་པའི་ནང་༼ཁུར་སི་མའུ་སི༽ཡི་ཤུའི་འཁྲུངས་སྐར་དང་༼ཨིསྚིར༽ཡི་ཤུ་བསྐྱར་གསོའི་དུས་ཆེན་སོགས་ཡང་ཆུད་ཡོད། དུས་ཆེན་དེ་ཚོའི་ཚབ་ལ་དམིགས་བསལ་གི་༼ཧྥ་སི་ཋིན༽བསྙུང་གནས་དུས་ཆེན་དང་ཐུགས་རྗེ་ལེགས་འབུལ་གཉིས་བསྲུང་རྩི་བྱེད་པས་དགོས་འདུན་བཏོན་པ་རེད། གློ་བུར་རྐྱེན་ངན་བར་ཆད་བཟློག་ཕྱིར་བསྙུང་བར་གནས། ཐུགས་རྗེ་ལེགས་འབུལ་གནམ་ལྷས་ཡིད་བཞིན་དངོས་གྲུབ་སྩོལ། ཞེས་དཔེར་ན་སྤྱི་ལོ་༡༦༡༡་ལོར་ཐན་པས་འཇིགས་པ་དང་དེ་བཞིན་༡༦༡༣་ལོར་ཆུ་ལོག་གིས་འཇིགས་པ། ༡༦༠༤་དང་༡༦༢༢་ལོར་ནད་ཡམས་དྲག་པོའམ་ལྷའི་བཀའ་ཆད་ཀྱིས་འཇིགས་པ་སོགས་བཟློག་ཕྱིར་བསྙུང་བར་གནས་པས་དམ་བཅའ་བཞག །ཐུགས་རྗེ་ལེགས་འབུལ་ནི་༡༥༨༨་ལོར་སི་པེ་ནེའུ་ཤིའི་དམག་གྲུའི་དཔུང་ཚོགས་ལས་རྣམ་པར་རྒྱལ་ཏེ་༡༧༠༥་ལོར་རྒྱལ་མོ་ཨཱ་ནན་ཕྱིར་ལོན་ཏེ་རྒྱལ་ཁའི་ངང་ལྷ་ལ་ཐུགས་རྗེ་ལེགས་འབུལ་གྱིས་དུས་སྟོན་བསྲུང་བརྩི་ཞུས་པས་སྔོན་མ་༡༦༠༥་ལོར་མེ་མདའི་རྫས་ཕྱེ་སྟབས་ལེགས་མ་བྱུང་བས་Guy Fawkes Day ཟེར་བའི་དུས་ཆེན་དེ་བོར་བའི་རྗེས་སུ་སྤྱི་ལོ་༡༦༠༦་ལོར་ཐུགས་རྗེ་ལེགས་འབུལ་གྱི་དུས་ཆེན་དེ་ཤར་བར་བཤད། དང་པོ་ཐུགས་རྗེ་ལེགས་འབུལ་གྱི་ཞལ་ཟས་གཙོ་བོ་དེ་ཉ་ཤ་ཡིན་ནའང་རིམ་བཞིན་ཏུར་ཀིའི་བྱ་ཤ་ཟ་སྲོལ་དར། ཁ་ནཱ་ཏྲའི་མི་དམངས་ཀྱི་ཐུགས་རྗེ་ལེགས་འབུལ་དེ་སྤྱི་ཟླ་བཅུ་པའི་ཚེས་གཉིས་ཉིན་ལོ་ཐོག་བསྡུས་ཚར་ནས་དུས་ཆེན་ལ་རོལ་བའི་སྲོལ་ད་བར་བྱུང་། ཨ་རིར་སྤྱི་ལོ་༡༨༦༣་ནས་སྲིད་འཛིན་དྲིལ་བསྒྲགས་ཀྱི་རྟེན་འབྲེལ་དང་མཉམ་དུ་ཐུགས་རྗེ་ལེགས་འབུལ་ཞུ་སྲོལ་བྱུང་། དེ་ནས་རིམ་བཞིན་སྤྱི་ལོ་༡༩༥༡་ལོར་སྤྱི་མཐུན་སྲིད་གཞུང་གི་ཁྲིམས་བཟོ་བ་ཚང་མས་སྤྱི་ཟླ་བཅུ་གཅིག་པའི་གཟའ་ཕུར་བུ་བཞི་པ་ལ་དུས་ཆེན་དེར་རོལ་བའི་སྲོལ་བཙུགས་པ་ད་ལྟའི་བར་དུ་གནས། ཨ་རི་བའི་ཐུགས་རྗེ་ལེགས་འབུལ་གྱི་བྱུང་རབས་དེ་ནི་ལོ་གཅིག་གི་སྟོན་ཐོག་བསྡུ་བའི་དུས་ཚིགས་རྟེན་འབྲེལ་ལ་ངོས་འཛིན་བྱེད་ཅེས་ཟེར། དེང་སང་ཨ་རི་བ་དང་ཁ་ནཱ་ཏྲར་མཚོན་ན་ཐུགས་རྗེ་ལེགས་འབུལ་དང་ཡི་ཤུའི་འཁྲུངས་གཉིས་ནི་ལོ་གཅིག་ནང་ཁ་འཐོར་དུ་ཡོད་པའི་ནང་མི་ཚང་མ་མཉམ་འཛོམས་དང་ཕན་ཚུན་ལེགས་སྐྱེས་འབུལ་རེས་ཀྱི་དུས་ཆེན་གལ་བོ་ཆེ་ཞིག་ཏུ་འཁུམས། །
