སློབ་མའི་དྲི་བ་བཞིར་ལན་འདེབས་མདོར་བསྡུས་རེ་བྱས་པ།
དྲི་བ། ༡ དུས་རབས་ཉེར་གཅིག་པ་ནི་བུད་མེད་ཀྱི་འཇོན་ཐང་ངོམས་པའི་དུས་རབས་དང་བུད་མེད་ ཀྱི་གར་སྟེགས་ཡིན་ཞེས་པ་དེ་ཁྱེད་ཀྱི་ངོས་ནས་ལྟ་ཚུལ་གང་འདྲ་ཡོད་དམ།
ལན་དུ། ངས་བསམ་ན་དུས་རབས་གང་ཡིན་ཡང་བུད་མེད་ཀྱི་གར་སྟེགས་ཡིན་ཞེས་བརྗོད་ན་དེ་བས་འོས་འཚམས་སུ་མཐོང། གང་ལགས་ཟེར་ན་བུད་མེད་ནི་འཇིག་རྟེན་གྱི་ས་ཆེན་འདིར་མཛེས་པའི་ཁོར་ཡུག་ཅིག་སྐྲུན་མཁན་གྲལ་དང ། མིའི་ཁྱིམ་གཞི་ཆེན་པོ་འདིའི་བདག་པོ་ངོ་མ་དེ་ཡིན་པས་རེད། གལ་ཏེ་ཁ་མང་པོས་དུས་རབས་ཉེར་གཅིག་པ་འདི་སྔོན་མཐོན་གྱི་དུས་རབས་ཅིག་ལ་ངོས་འཛིན་བྱེད་བཞིན་པ་ཡིན་ན་ནི། བུད་མེད་ཚོས་གཅིག་མཚུངས་ཀྱིས་བྱམས་དང་སྙིང་བརྗེ་སོགས་འཇོན་ཐང་བཏོན་པའི་དུས་རབས་གཅིག་ལ་སྒོམ་ངེས་ཡིན། དེ་བས་དུས་རབས་ཉེར་གཅིག་པ་འདི་ཞི་བདེ་དང་རང་དབང་གི་དུས་རབས་གཅིག་ལ་མང་པོས་རེ་འདུན་བཅངས་བཞིན་པ་བདེན་ན། བུད་མེད་ནི་འགྲོ་བ་མིའི་རིགས་ལ་ཞི་བདེ་དང་རང་དབང་སྦྱིན་མཁན་གྱི་བདག་མོ་ཡིན་ཕྱིན་བུད་མེད་ཚོས་རང་སའི་ཁོར་ཡུག་དངོས་ཀྱི་གནས་སྟངས་ལ་བསྟུན་ནས་འགྲོ་བ་མིའི་རིགས་ལ་དོན་དམ་གྱི་བདེ་བ་དང་རང་དབང་འབད་ཐབས་ལ་བརྩོན་པར་རིག
དྲི་བ། ༢ ནུབ་གླིང་གི་བུད་མེད་ཚོ་དང་བོད་པའི་སྤྱི་ཚོགས་ཁྲོད་ཀྱི་བུད་མེད་གཉིས་བསྡུར་ཚེ་ཁྱད་པར་ཧ་ཅང་ཆེན་པོ་ཡོད། དེའི་རྒྱུ་རྐྱེན་གཙོ་བོ་གང་ལ་ཐུག་ཡོད་དམ།
ལན་དུ། བོད་ཀྱི་བུད་མེད་དང་ནུབ་གླིང་བུད་མེད་གཉིས་དབར་ཁྱད་པར་ཧ་ཅང་ཆེན་པོ་ཡོད་ཟེར་བ་འདི་དངོས་གནས་ཡིན་རྒྱུ་རེད། འོན་ཀྱང་ཁྱད་པར་ཆེན་པོ་འདི་གཉིས་ལ་ལེགས་ཉེས་ཀྱི་དབྱེ་བ་འབྱེད་དགོས་ཟེར་ན་ནི་ནུབ་གླིང་དང་ཤར་གླིང་བུད་མེད་སོ་སོར་ལེགས་ཉེས་ཀྱི་གནས་སྟངས་མི་འདྲ་བ་རེ་ཡོད་ངེས་སྙམ། དཔེར་ན་ཤར་གླིང་བུད་མེད་སྤྱི་ལ་མཚོན་ན་ཉམས་ཆུང་དང་ཞི་དུལ་བག་ལྷོད་དང། རྒན་བསྐུལ་གཞོན་གཅེས། ནང་ལས་ལ་བྱང་བ། བཟའ་ཟླར་གོང་བསྐུལ་སོགས་ཁྱིམ་ལས་སུ་གཙོ་བོར་འཇུག་པ་དང། དེ་མིན་ནུབ་གླིང་བུད་མེད་ཚོར་ཅིའང་བྱེད་ཕོད་ཅིང་ཁྱིམ་གཞིའི་རྭ་བ་ནས་བརྒལ་ཏེ་སྤྱི་ཚོགས་ཀྱི་གཙོ་འགན་འཁྱེར་ཐབས་དང། དེ་མིན་བློ་སྤོབས་ཆེན་པོས་ཕོ་མོ་འདྲ་མཉམ་གཙོས་ཐོབ་ཐང་དག་ལ་བརྩོན་ལེན་ཐད་ལའང་ཧུར་བསྐྱེད་བྱེད་པའི་ཁྱད་ཆོས་དེ་དག་ནི་བུད་མེད་ཡིན་ནོ་ཅོག་གིས་བློ་སྦྱོང་འོས་པའི་ཆ་རེད། གང་ལྟར་ཡང་ཤར་ནུབ་བུད་མེད་ཚོ་རང་ངོས་ཀྱི་ཁོར་ཡུག་ལ་བརྟེན་ནས་དགེ་མཚན་དང་ཡོན་ཏན་མི་འདྲ་བ་རེ་ཡོད་པར་སྨྲོས་མེད་ཐོག་ཁྱད་པར་འདིའང་སྲོལ་རྒྱུན་གྱི་ལམ་ལུགས་དང་རིག་གཞུང། གོམས་སྲོལ་བཅས་ལ་ཁྱད་པ་ཡོད་པའི་རྐྱེན་གྱིས་བུད་མེད་ཀྱི་བསམ་བློའི་སྤྱི་ཡོངས་ལ་ཤུགས་རྐྱེན་ཐེབས་པ་ཡིན། འོན་ཀྱང་སྲོལ་རྒྱུན་ཡོངས་རྫོགས་སྙིགས་མ་ཡིན་ཞིང་དེང་རབས་ཐམས་ཅད་ནོར་བུར་ངོས་འཛིན་ཁོ་ནར་མ་ཡིན་པར་སྙིགས་དོར་བཅུད་ལེན་དགོས་པའི་ཕྱོགས་རེད།
དྲི་བ། ༣ བོད་ཀྱི་དཔལ་ཡོན་རྗེས་ལུས་ཐེབས་པ་ཞིག་ཡིན་པས་བུད་མེད་ལ་སློབ་གསོ་སྤྲོད་པའི་ གལ་འགངས་རང་བཞིན་མ་རྟོགས་་པའི་རྐྱེན་གྱིས་ཡིན་ནམ།
ལན་དུ། བོད་ཀྱི་དཔལ་ཡོན་རྗེས་ལུས་ཐེབས་ཅེས་པ་འདི་ལ་ཕྱོགས་གཉིས་ཡོད་བསམ། ཤར་གླིང་གི་ཕྱིའི་དཔལ་འབྱོར་དེ་ནུབ་ཕྱོགས་ཡར་ཐོན་རྒྱལ་ཁབ་དང་བསྡུར་ན་རྗེས་ལུས་ཐེབས་ཡོད་ཅེས་བརྗོད་ན་མོས་མཐུན་ཡོད་ཀྱང། ཤར་གླིང་བུད་མེད་ཚོའི་ནང་བསམ་པའི་དཔལ་ཡོན་ཡང་འགྲོ་བ་མིའི་ཁོར་ཡུག་འདི་ནས་རྗེས་ལུས་ཐེབས་ཡོད་ཅེས་ཟེར་ན་ནི་དེ་ཙམ་གྱིས་འོས་པར་མ་མཐོང། གང་ཡིན་ཟེར་ན། འཇིག་རྟེན་འདིར་ནང་བསམ་པའི་དཔལ་ཡོན་དང་ཕྱིའི་དཔལ་འབྱོར་གྱི་ལོངས་སྤྱོད་ཕྱོགས་གཉིས་ཡོད་པས་རེད། བོད་ཀྱི་བུད་མེད་ཚོ་ཕོ་དང་གཅིག་མཚུངས་རྒྱུན་རིང་ནང་པ་སངས་རྒྱས་པའི་ཆོས་ཀྱི་སྙིང་དོན་ལ་བྱང་གོམས་ཡོད་དགོས་ན་དེའི་སྙིང་དོན་གྱིས་བོད་ཀྱི་མ་ཡུམ་ཚོར་ནང་སེམས་ཀྱི་ཀུན་སྤྱོད་ལ་གཙང་དག་བྱུང་བའི་སློབ་གསོའང་ཐོབ་ཡོད་པར་བརྟེན། ཕྱིའི་དཔལ་ཡོན་རྗེས་ལུས་ཟེར་བ་འདི་གཞན་དང་བསྡུར་ཚད་ཀྱིས་རྐྱེན་པས་རྗེས་ལུས་ཀྱི་ཕྱོགས་ཡོད་སྲིད་ཀྱང། བསམ་པའི་དཔལ་ཡོན་རྗེས་ལུས་ལ་སྒེར་ངོས་ནས་མཐོང་གི་མེད། འོན་ཀྱང་ཚང་མས་བུད་མེད་ཀྱི་སློབ་གསོ་ནི་མིའི་ཁོར་ཡུག་ཡོད་དོ་ཅོག་ནས་གལ་འགངས་རང་བཞིན་དུ་བརྩིས་ཏེ་ནན་ཏན་དགོས་པའི་ཕྱོགས་ཡིན་སྟབས་ལྷོད་གཡེང་གཏོང་ན་ག་ལ་འགྲིག
དྲི་བ། ༤ བོད་པའི་བུ་མོ་བརྒྱ་ཆ་༨༠ ཞིག་ལ་སོ་སོས་མི་དམངས་མདུན་ནས་སྐད་ཆ་བཤད་རྒྱུ་དང་རང་ཉིད་ཡིས་ཆེས་མེད་པའི་ རྒྱུ་རྐྱེན་གང་ཐུག་ཡོད་དམ།
ལན་དུ། བོད་པའི་བུ་མོ་མང་པོ་མི་ཚོགས་ཀྱི་མདུན་ནས་སྐད་ཆ་བཤད་རྒྱུར་ངོ་ཚ་རྨིན་པོའི་ཕྱོགས་ཡོད་པར་བདེན་པར་མཐོང། འོན་ཀྱང་དེ་ཙམ་གྱིས་ལེགས་ཉེས་འབྱེད་མི་ནུས་སོ། གང་ཡིན་ཟེར་ན་མི་རེ་ངོ་རེ་ལའང་རང་གི་ཁྱད་ཡོན་ལྡན་པ་ལས་མཐའ་གཅིག་ཏུ་བྱ་བྱེད་ཡོངས་རྫོགས་འདི་བཟང་དེ་ངན་ཟེར་སྲོལ་མེད་པས་ཡིན། དེ་བས་ང་ཚོས་ངེས་པར་དུ་མཐོང་དགོས་པ་ནི་བོད་པའི་བུ་མོ་ཚོས་སོ་སོའི་དམིགས་བསལ་གྱི་ཁྱད་ཡོན་དང་དགའ་ཕྱོགས་ངོས་ཟིན་པའི་སྒོ་ནས་དེ་དར་སྤེལ་གཏོང་ཐབས་ཀྱིས་འགྲོ་བ་མིའི་ཁོར་ཡུག་འདིར་བདེ་བ་བསྐྲུན་ཐབས་དགོས་པ་འདི་རེད། ལ་ལས་མི་ཚོགས་དབུས་ནས་སྐད་ཆ་འདྲ་ཆགས་པོ་ཇི་ཙམ་བཤད་ཀྱང་འཚོ་བའི་དངོས་སུ་བཟང་པོའི་ཀུན་སྤྱོད་དང་བྲལ་ཞིང། རྩིང་སྤྱོད་ཆེ་བ། གཞན་ལ་གནོད་འཚེ་བྱེད་མཁན་ཡང་ཡོད། བུ་མོ་ལ་ལར་ཞི་དུལ་བག་འཕེལ་གྱི་ཁྱད་ཆོས་ལྡན་ན་དེར་ངེས་པར་ངར་ཤུགས་དགོས་པར་སྒྲོག་ན་མི་འཚམས་པ་ལྟར་རོ། དེ་བས་བུ་མོ་ཚོས་སྒེར་གྱི་ཁྱད་ཡོན་ངོས་ཟིན་ཏེ་འབད་བརྩོན་ལྷོད་མེད་ཀྱིས་དགེ་མཚན་ཡར་རྒྱས་གཏོང་རྒྱུ་དང་དེ་སྤྱི་ཚོགས་ནས་ཕྱིར་བུད་ཐུབ་པ་བྱ་བར་གལ་ཆེའོ་སྙམ།