མོན་གྷོ་ཌི་རུ་མར་མེའི་ཁྲོམ་སྐོར།
ཟླ་འདིའི་ཚེས་༢༥ ཉིན་གྱི་དགོང་དྲོ་ཆུ་ཚོད་༧ བདུན་པའི་ཐོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་གཞོན་ལྷན་དང་བུད་མེད་ལྷན་ཚོགས་གཉིས་ཀྱི་གོ་སྒྲིག་འོག བོད་ནང་བོད་བསྟན་པ་ཆབ་སྲིད་ཆེད་རང་ལུས་མེར་སྲེག་གནང་དང་གནང་བཞིན་པའི་རྒྱལ་གཅེས་དཔའ་བོ་ཕོ་མོ་ཡོངས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དུ་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་ཞིག་མོན་གྷོ་ས་གནས་གཞོན་ལྷན་ཚོགས་ཁང་དུ་སྤེལ་སོང་།
ལས་འགུལ་ནང་མོན་གྷོ་ས་གནས་གཞིས་གྲོང་ཁག་དགུའི་ནང་ཡོད་གཞོན་ལྷན་དང་བུད་མེད་ཚོགས་པ་གཉིས་ཀྱི་ཚོགས་མི་༢༠༠ མ་ཟིན་ཙམ་མཉམ་ཞུགས་གནང་ཡོད་པ་དང་། དེ་ཡང་ཐོག་མར་བདེན་ཚིག་སྨོན་ལམ་གསུང་འདོན་དང་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བླང་རྗེས་བོད་བསྟན་སྲིད་ཆེད་སྐུ་ལུས་ཞུགས་འབུལ་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ལ་གདུང་སེམས་མཉམ་བསྐྱེད་དང་མྱ་ངན་གུས་འདུད་མཚོན་ཆེད་དུ་སྐར་མ་གཅིག་རིང་ངག་བཅད་གནང་སོང་། དེ་རྗེས་མོན་གྷོ་ས་གནས་གཞོན་ལྷན་ཚོགས་གཙོ་པདྨ་ཚེ་རིང་གིས་ལས་འགུལ་སྤེལ་དགོས་པའི་དམིགས་ཡུལ་དང་དེའི་རྒྱབ་ལྗོངས་བཅས་ཀྱི་སྐོར་ལ་གཏམ་བཤད་གནང་གྲུབ་པ་དང་། ལས་འགུལ་ཐོག་ཆེད་ཕེབས་གནང་བའི་སྐུ་མགྲོན་གཙོ་བོ་ཕྱོགས་གཞུགས་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་ལས་འགུལ་དང་འབྲེལ་བའི་སྐོར་ལ་གསུང་བཤད་ གནང་སོང་།
མོན་གྷོ་གསར་འགོད་པས།
