ཁམས་འབྲི་རུ་ནས་རང་སྲེག་མཁན་གྱི་གནས་ཚུལ་གསར་རྟོགས།
ཕྱི་ཟླ་༡༡ ཚེས་༧ ཉིན་བོད་མདོ་སྨད་རེབ་གོང་གི་མི་གཅིག་དང་། རྔ་པ་ནས་མི་གསུམ། ཁམས་འབྲི་རུ་རྫོང་དུ་བོད་མི་གཅིག་བཅས་མི་ལྔས་རྒྱ་གཞུང་ལ་རང་ལུས་མེར་སྲེག་གི་ངོ་རྒོལ་བྱས་པའི་ཁྲོད་ནས། རྒྱ་གཞུང་གི་དམ་དྲག་འོག་འབྲི་རྫོང་གི་རང་སྲེག་མཁན་གྱི་གནས་ཚུལ་གསལ་པོ་ཤེས་རྟོགས་ཐུབ་མེད་ནའང་། ཟླ་འདིའི་ཚེས་༡༨ ཉིན་ཁོང་སྐུ་གྲོངས་ཡོད་འདུག
བསོད་ནམ་ལགས་ཀྱིས་གནས་ཚུལ་བཏང་བ་ལྟར་ན། ཁོང་ལ་ཟླ་འདིའི་ཚེས་༢༧ ཉིན་ལྷ་ས་ནས་འབྱོར་བའི་གནས་ཚུལ་ཞིག་འགྲེལ་བརྗོད་གནང་དོན། ཁམས་འབྲི་རུ་རྫོང་པད་དཀར་ཡུལ་ཚོའི་སེར་གྲོང་ནས་ཡིན་པ་རང་ལོ་༢༧ སོན་པ་ཚེ་རྒྱས་གྱིས་ཕྱི་ཟླ་༡༡ པའི་ཚེས་༧ ཉིན་གྱི་དགོང་དྲོ་ཆུ་ཚོད་༧ནས་༨བར་ལ་རང་ལུས་མེར་བསྲེགས་བཏང་སྟེ། རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་སྲིད་ཇུས་ལ་ངོ་རྒོལ་བྱས་ཡོད་པ་དང་། སྐབས་དེར་རྒྱ་གཞུང་གིས་བཙན་ཁྲིད་ཀྱིས་བཙོན་འཇུག་ཏུ་བཅུག་སྟེ། མནར་གཅོད་དྲག་པོ་བཏང་བ་མ་ཟད། ཕྱི་ཚེས་༧ ནས་ཕྱི་ཚེས་༡༨ བར་ནག་ཆུ་ས་གནས་བཙོན་ཁང་དུ་སྨན་བཅོས་གང་ཡང་མ་བྱས་པར་བརྟེན། ཕྱི་ཚེས་༡༨ ཀྱི་མཚན་མོ་སྐུ་གྲོངས་འདུག
རྒྱལ་གཅེས་དཔའ་བོ་དམ་པ་ཚེ་རྒྱས་ལ་ཕྲུ་གུ་གཉིས་ཡོད་པའི་ནང་ཆེ་བ་ལོ་༢དང་ཆུང་བ་ཟླ་༨ཙམ་ལས་རེད་མི་འདུག

 
							 
							