བླ་བྲང་བསང་ཁོག་ཏུ་རང་ལུས་མེར་སྲེག་གི་ངོ་རྒོལ།
ཟླ་འདིའི་ཚེས་༢༧ ཉིན་བོད་མདོ་སྨད་བླ་བྲང་བསང་ཁོག་དངུལ་རྭ་ནས་སངས་རྒྱས་བཀྲ་ཤིས་ཀྱིས་རང་ལུས་མེར་བསྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ། སྐུ་གྲོངས་ཡོད་པ་རེད།
དེ་ཡང་ས་རཱ་མཐོ་སློབ་ཀྱི་སློབ་མ་གྲྭ་འཇམ་དབྱངས་སྦྱིན་པས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཟླ་འདིའི་ཚེས་༢༧ ཉིན་བོད་ནང་གི་དགོང་མོའི་ཆུ་ཚོད་བཅུ་གཅིག་ཙམ་གྱི་སྟེང་སངས་རྒྱས་བཀྲ་ཤིས་ཀྱིས་བླ་བྲང་བསང་ཆུ་རྫོང་བསང་ཁོག་ཡུལ་ཚོའི་ཐོག དེ་སྔོན་དཔའ་བོ་ཐུབ་དབང་སྐྱབས་ཀྱིས་རང་ལུས་མེར་བསྲེག་གནང་སའི་ས་དེའི་གཡས་གཡོན་ཞིག་ནས་བོད་བསྟན་སྲིད་སླད་སྐུ་ལུས་མེར་བསྲེགས་བཏང་འདུག
ཉིན་དེར་ཁོང་དང་གྲོགས་པོ་འགས་སྦག་སྦག་ཞོན་ནས་ཡར་བསང་ཁོང་གྲོང་ཚོའི་ནང་སླེབས་ཡོད་པ་དང་། དེ་ནས་མེར་སྲེག་མ་བཏང་བའི་སྔོན་ཏག་ཏག་དེར་ཁོང་གིས་ཕ་སྤུན་གྱི་བུ་སྤུན་ཚེ་བྷེ་ཟེར་བར་ཁ་པར་བཏང་སྟེ། ངས་བོད་དོན་ཆེད་མེར་སྲེག་གི་ཡིན་ཞེས་པ་ཙམ་ལས་གསུངས་མི་འདུག
མེར་སྲེག་སྐབས་༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་ཀྱི་ཡོད། ༧པཎ་ཆེན་སྣང་བ་མཐའ་ཡས་གཙོ་བྱས་པའི་ཆབ་སྲིད་བཙོན་མ་རྣམས་གློད་གྲོལ་གཏོང་དགོས། ཞེས་སྐད་འབོད་གནང་ཡོད་པ་ཉེ་འཁོར་ན་ཡོད་པའི་བོད་མི་དེ་ཚོས་གསལ་བོ་གོ་འདུག་ལ་སྐབས་དེར་མེ་ཤུགས་ཧ་ཅང་ཆེ་བའི་རྐྱེན་གྱིས་སྨན་ཁང་དུ་ཁྱེར་ཁོམ་མ་བྱུང་བར་དེ་མ་ཐག་སྐུ་གྲོངས་འདུག
ཁོང་ད་ལྟ་རང་ལོ་༡༨ ཡིན་པ་དང་། ཕའི་མིང་ལ་ནམ་ཁོ་ཟེར་གྱི་ཡོད་འདུག སྤུན་མཆེད་བཞི་ཡོད་པ་དང་། ཁོང་སྔོན་མ་བསང་ཁོག་སློབ་ཆུང་ནང་ལོ་བཞི་ཙམ་གྱི་རིང་སློབ་གྲྭར་འགྲོ་མྱོང་ཞིང་། རྗེས་སུ་ཕ་ཡུལ་ནས་ཟོག་རྫི་སོགས་ཀྱི་ལས་ཀ་བྱས་ཏེ་སྡོད་ཀྱི་ཡོད་པ་རེད།
ཁོང་ཕ་མའི་ཁ་ལ་ཉན་པོ་དང་ཤོ་རྒྱག་འཁྱམ་ཉུལ་སོགས་ཀྱི་རིགས་གཏན་ནས་མི་བྱེད་པར་ཡ་རབས་ཚུལ་མཐུན་ངང་བཞུགས་མཁན་ཞིག་ཡིན་པ་རེད། །
ད་བོད་ནང་དུ་རང་ལུས་མེར་སྲེག་གཏོང་མཁན་བོད་ནང་༨༧ དང་། བོད་ཕྱི་ནང་གཉིས་ཀྱི་ནང་དུ་༩༢ པ་དེ་ཡིན་པ་རེད།