ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོད་རྙོག

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༡༤  ཕྱི་ལོ་ ༢༠༡༢/༡༡/༢༨
ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་ང་ཕོད་འཇིགས་མེད་ལས་གནས་ནས་ཕྱིར་འཕུད་བྱས་པའི་དོན་རྐྱེན་ལ་བརྟེན། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་གླེང་ཕྱོགས་འདྲ་མིན་སྣ་ཚོགས་ཤིག་བྱུང་ཡོད་པ་དང་།

ཉེ་བའི་ཆར་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཞིག་གིས་ཀྱང་གནད་དོན་དེ་དང་འབྲེལ་བའི་ཐོག་ནས་སྲིད་སྐྱོང་བློ་བཟང་སེང་གེའི་མཚན་ཐོག་སྐྱོན་བརྗོད་ཀྱི་ཡི་གེ་ཞིག་ཀྱང་ཕུལ་ཡོད་པ་མ་ཟད། སྨྲ་བརྗོད་རང་དབང་དང་འབྲེལ་བའི་གནད་དོན་ཞིག་ཡིན་པ་དང། དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱིས་ཆེད་དུ་བྱས་པ་ལྟ་བུ་ ཞིག་བརྗོད་འདུག དེ་དང་ལྷན་དུ་སྤྱི་ཡོངས་ཨ་རིའི་སྲིད་གཞུང་ནས་བཙན་བྱོལ་བོད་གཞུང་དང་མི་མང་ལ་རོགས་དངུལ་སྤྲད་པ་དེ་དག་ཀྱང་ཆུད་ཟོས་སུ་འགྲོ་བཞིན་ཡོད་མེད་ཀྱང་བཤད་འདུག ད་དུང་ཨ་རིའི་གཞུང་ནས་བོད་གཞུང་ལ་རོགས་རམ་གནང་བ་དེ་དག་བོད་མི་རིགས་རྒྱ་གཞུང་གི་འོག་ཏུ་གྲངས་ཉུང་མི་རིགས་ཤིག་བཟོ་རྒྱུའི་ཆེད་དུ་མ་རེད་ཅེས། གོ་རྒྱུ་ཡོད་པའི་སྐད་ཆ་གལ་ཆེན་པོ་ཞིག་ཀྱང་གོ་སྐབས་འདི་བཟུང་ནས་གླེང་འདུག

གནད་དོན་དེའི་སྐོར་སྲིད་སྐྱོང་གི་མཚན་ཐོག་ནས་གསལ་བཤད་ཅིག་ཀྱང་གནང་འདུག་པས་ཆེད་དུ་འགྲེལ་བརྗོད་བྱེད་འདོད་མེད་ཀྱང། ད་ལྟའི་ཆར་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ནི་བོད་ཕྱི་ནང་གཉིས་ནས་དོ་སྣང་དམིགས་བསལ་བྱེད་ཡུལ་ཞིག་ཡིན་ལ། ཨ་རིའི་བོད་སྐད་རླུང་འཕྲིན་ལ་མཚོན་ན་བོད་པའི་སྤྱི་ཚོགས་སུ་བརྙན་འཕྲིན་གྱི་བརྒྱུད་ལམ་གཞན་གང་ཡང་མེད་པས་ཀུན་གླེང་ལེ་ཚན་ལ་དོ་སྣང་བྱེད་མཁན་ཅུང་མང་ཡང།  དེ་ཕུད་པའི་ལེ་ཚན་གཞན་ལ་ཉན་མཁན་ནི་ཧ་ཅང་ཉུང་ཉུང་ཡིན། ནོར་ཝེ་རླུང་འཕྲིན་ནི་བོད་གཞུང་གི་སྲིད་བྱུས་དང། ལས་དོན་སོགས་དང་འབྲེལ་བའི་ཐོག་ནས་གསར་འགྱུར་ཁུངས་དག་ཤོས་དེ་ཡིན་མོད། འདི་ཡང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགྱུར་བཞིན་བོད་ཕྱི་ནང་ཚང་མས་གཞི་རྒྱ་ཆེ་བའི་དོ་སྣང་བྱེད་ཡུལ་ཞིག་ཏུ་ད་དུང་འགྱུར་ཐུབ་མེད།

མི་ཁ་ཤས་ཀྱིས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགྱུར་ལས། གསར་འགྱུར་གང་ཞིག་ཡོད་པ་ཙམ་ཤེས་ཐུབ་ཀྱང། གསར་འགྱུར་གང་ཡིན་པ་དེ་ད་དུང་གཞི་ནས་ཞིབ་འཇུག་བྱེད་དགོས་པ་ལས་ཆ་འཇོག་དེ་ཙམ་མེད་ཚུལ་བརྗོད་མཁན་ཡང་ཡོད་ལ། དེ་བཞིན་གསར་ཁང་དེར་བགྲོ་གླེང་བྱེད་ཡུལ་གྱི་སྐུ་མགྲོན་ཡང་མི་རེ་ཟུང་ལས་མེད་པ་ལྟ་བུ་དང། དེ་ཡང་རང་ཉིད་དང་འབྲེལ་ཡོད་ཀྱི་གྲོགས་པོ་འབའ་ཞིག་རྟག་པར་གདན་འདྲེན་ཞུ་བ་ལྟ་བུ། ལྷག་དོན་དུ་དྷ་རམ་ས་ལའི་ནང་ཁུལ་གྱི་སྲིད་དོན་འཐེན་འཁྱེར་ནང་ཚོར་བ་རྣོ་རྒྱུ་ཅུང་མང་དྲགས་པ་མ་ཟད། ལས་དོན་ཡང་དེ་དང་ཕྱོགས་མཚུངས་པའི་ཐོག་ནས་འགྲོ་མཁན་གྱི་གསར་འགོད་པ་རེ་ཟུང་ཞིག་གསར་ཁང་དེའི་ནང་དུའང་ཡོད་པ་ནི་སྨྲོས་མི་དགོས་པ་རེད། དེར་བརྟེན་བར་ལམ་ནས་བཟུང་བོད་གཞུང་བཀའ་ཤག་གི་ངོས་ནས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་གཟིགས་སྟངས་དེ་ཙམ་ཡག་པོ་མེད་པར་གྱུར་སོང།

ཟམ་གདོང་རིན་པོ་ཆེའི་བཀའ་ཤག་སྐབས་དང་པོའི་དཀྱིལ་ཙམ་ནས་བཀའ་བློན་ཚོས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་བཀའ་མོལ་མི་གནང་རྒྱུའི་ཐག་གཅོད་གནང་ཡོད་ལ། ཁོང་གི་བཀའ་ཤག་སྐབས་རྗེས་མར་ཡང་བཀའ་བློན་གསར་པ་ཞིག་གིས་སྲིད་བྱུས་དེ་མ་མཁྱེན་ནས་བཀའ་མོལ་ཞིག་གནང་བ་ཙམ་ལས། གཞན་སྐབས་དེར་ཡང་ཆེད་གཉེར་བཅར་འདྲི་དང་ལེན་གཏན་ནས་གནང་མེད། གྲོས་ཚོགས་ནང་དུ་ཨ་རིའི་བོད་སྐད་རླུང་འཕྲིན་དང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་འགྲོ་སོང་གཅོག་ཆ་མི་གནང་ཆེད་འབོད་སྐུལ་གྱི་གྲོས་ཆོད་ཅིག་ལ་བགྲོ་གླེང་སྐབས། བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེས་ཞལ་ནོར་མདོག་གིས་“ཨེ་ཤི་ཡ་གཞན་དབང་རླུང་འཕྲིན་ཁང་”ཞེས་གསུངས་ཡོད་པ་མ་ཟད། གསར་ཁང་དེ་གཉིས་ཁ་ཁ་བྱས་ན་མ་གཏོགས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་རྒྱབ་སྐྱོར་གནང་འདོད་མེད་ཅེས་ཁ་གསལ་གྱིས་གྲོས་ཚོགས་ནང་གསུངས་ཡོད།

གནད་དོན་འདི་ལ་ཕྱོགས་གཉིས་ནས་བལྟ་དགོས་ཏེ། ཕྱོགས་གཅིག་ནས་གསར་ཁང་ཞིག་ཙམ་དུ་མ་ཟད། མི་སྒེར་ཞིག་ཡིན་ཡང་གཞུང་གི་གནས་ཚུལ་ཤེས་རྟོགས་བྱ་རྒྱུའི་ཐོབ་ཐང་ཡོད་པ་མ་ཟད། ལྷག་དོན་དུ་རྒྱ་གར་ལ་མཚོན་ན་གནད་དོན་དེ་ཕྱི་ལོ་༢༠༠༥ ལོ་ནས་ཁྲིམས་སུ་བཅས་ཟིན་པ་ཞིག་ཡིན་པས། ཡུལ་ཆུ་འཐུང་ནས་ཡུལ་ཁྲིམས་ཁུར་དགོས་པ་དེ་བཀའ་ཤག་གི་གཡོལ་ཐབས་མེད་པའི་འགན་ཁུར་ཞིག་ཏུ་གྱུར་ཡོད། ཕྱོགས་གཅིག་ནས་ཨ་རིའི་མི་སེར་དུ་གྱུར་ཟིན་པའི་རྗེས་སུ་བོད་པའི་བདེ་སྡུག་ལ་བསམ་ཤེས་མེད་པར། བོད་གཞུང་ལ་གཞུང་དུ་མི་བརྩི་བ་དང་ལྷག་པར་དུ་གནད་དོན་ཞིག་གི་ཆེད་དུ་སྐབས་དེའི་བཀའ་ཤག་གིས་གསར་ཁང་དེའི་འགན་འཛིན་ལ་འབྲེལ་བ་གནང་བར། ལན་འདེབས་ཙམ་ཡང་ཞུས་མེད་པ་ནི། ངོ་ཚ་ཁྲེལ་གཞུང་མེད་པར་ཆུ་བོ་བརྒལ་རྗེས་ཟམ་པ་བརྗེད་པའི་དཔེ་དང་གཅིག་མཚུངས་སུ་གྱུར་ཡོད།

ད་ལན་འགན་འཛིན་ཕྱིར་འཕུད་བྱས་པ་དེ་བོད་མིའི་སྒྲིག་འཛུགས་ཀྱི་གནོན་ཤུགས་ཡིན་མི་སྲིད་ལ། གལ་སྲིད་ཡིན་ན་བོད་མིའི་སྒྲིག་འཛུགས་ཀྱིས་ཨ་རིའི་གཞུང་ལའང་གནོན་ཤུགས་སྤྲོད་ཐུབ་པ་ལྟ་བུར་ཁས་ལེན་དགོས། དོན་དངོས་ཐོག་དེ་ལྟ་བུ་མ་ཡིན་པར་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་ལས་བྱེད་ནང་ཁུལ་ནས་ཨ་རིའི་མི་སེར་གྱི་ལག་ཁྱེར་ཡོད་པའི་སྤོབས་སེམས་ཀྱི་ཐོག་ནས། ནང་ཁུལ་བསམ་ཚུལ་མི་མཐུན་པའི་གནད་དོན་གཞི་རྩར་བཟུང་ནས་ཨ་རིའི་གཞུང་ལ་སྙན་གསན་འདྲ་མིན་ཞུས་པ་ཞིག་ཡིན་པ་ཕྱོགས་གང་ནས་བལྟས་ཀྱང་མཐོང་ཐུབ་པ་ཞིག་རེད་ལ། འགན་འཛིན་གཅིག་ཕུད་ཀྱང་འགན་འཛིན་གཞན་ཞིག་སླེབས་ངེས་པས་ལས་དོན་ལ་དོ་ཕོག་འགྲོ་བ་ཞིག་མིན་ཡང། འགན་འཛིན་གྱི་རྐུབ་སྟེགས་ལ་ཆེད་དུ་དམིགས་ནས་སྒེར་ཕན་ཁོག་བཅུགས་སམ་སྒེར་ནད་སྤྱི་སྤུངས་བྱས་པ་ཞིག་ཡིན་ན་ཧ་ཅང་ཕངས་པོ་རེད།།