༄༅།། ཁར་རྩང་གི་སེམས་ཚོར་ད་དུང་གདུ་བཞིན་འདུག།
དེ་རིང་རྡ་སའི་རི་ནས་མན་ཏྲུའི་ཕྱོགས་སུ་སློབ་དཔོན་པད་མའི་མཚོ་ལ་གནས་མཇལ་བྱིན་།།
མཛེས་པའི་གླ་འཁོར་ནང་ནས་ཀྱག་ཀྱོག་ལམ་ཕྲེང་སྟོང་ཕྲག་མང་པོ་རྒྱུད་ནས་ལམ་ལ་ཆས།།
གློ་བུར་སྐྱུག་བྲོའི་སེམས་ཀྱི་གཏིང་ལ་ཚོར་བ་ནག་པོའི་ནད་གཞི་དམར་པོའི་ན་ཟུག་བསླངས།།
སེམས་ཁམས་དྭངས་མ་སྐྱུར་མོའི་ལུད་ལ་ཡང་ཡང་འདྲེས་པའི་སྐྱོ་སྣང་གྲངས་མེད་སེམས་ལ་འཁོར།།
དེ་རིང་དྭངས་གཙང་སེམས་ཀྱི་སྤྲིན་པ་དཀར་པོ་བྱང་རླུང་ནག་པོའི་རྒྱང་ལ་གཏོར།།
སྐྱུར་མོའི་བཟི་ཁ་བྲང་ཁོག་དཀྱིལ་ནས་བར་མེད་ལྡང་བའི་སུན་པ་སེམས་ལ་གཟན།།
ཁ་ལུད་སྣབ་ལུད་གསེབ་ནས་ཤུགས་རིང་ནར་མོའི་ཁ་རླང་གྲངས་མེད་རླུང་ལ་འདྲེས།།
གཅོང་སྣང་སུན་སྣང་བར་མེད་འཕྱུར་བའི་སོ་ཁ་ནག་པོའི་ངོ་གདོང་འདི་ལྟར་གཉོམ།།
སྐྱོ་ཤས་བན་བུན་ཀློང་ན་སྙིང་གི་འཕར་རྩ་དྲག་ཏུ་ལྡང་བའི་འཕག་འཚག་དགོད་པའི་ལོ་རྒྱུས་རིང་།།
གླང་འཁོར་ཆུང་ཆུང་འདི་ཡི་ནང་ནས་སེམས་སྐྱོའི་ཤུགས་རིང་རླུང་ལ་བསྐུར་བའི་གཏམ་རྒྱུང་མང་།།
གློ་བུར་ནད་གཞིའི་ཕྱི་ནང་གསང་གསུམ་བར་ལ་ཆག་རོའི་ན་ཟུག་གྲངས་མེད་བཞག་པའི་ཉི་མ་རིང་།
ཡིད་ཀྱི་མེ་ལུང་ངོས་སུ་གདུང་བའི་མིག་ཆུ་གྲང་མོ་བཞུར་བའི་བྲང་ཁོག་གློ་བུར་ཁད་ཀྱིས་གཤགས།།
རྡ་སའི་རི་ནས་བྱིན་པའི་ཚོར་བ་སྐྱུར་མོའི་སེམས་ཀྱི་གསང་ལ་སུན་སྣང་སྟེར་བའི་སྣང་བརྙན་མང་།།
གསེར་འབྲོང་བུ་ང་དེ་རིང་སྐྱུག་བྲོའི་གསེབ་ནས་ནད་གཞི་དྲག་པོའི་གདུང་བའི་ཚོར་སྣང་གསོན་པོ་ཡིན།།
དྲག་ཏུ་མཆོང་བའི་སྐྱུག་བྲོའི་ཚོར་བ་ཤ་དང་རུས་པའི་གསེ་བ་གས་ཆག་ནག་པོའི་གདུང་ཚོར་བསྐྲུན།།
མི་རྟག་ཕོ་ཉ་བསུ་མ་བསླེབས་སོང་བསམ་ནས་སྙིང་གི་དཀྱིལ་ལ་ཚོར་བ་དམར་པོ་ཡང་ཡང་འབར།།
གསེར་རྟ་བསོད་ནམས་ཕུན་ཚོགས་སམ་དཔལ་ཤུལ་འབྲོང་སྲས་སུ་འབོད་པས་བཞུགས་རྡ་རམ་
ས་ནས་སུག་བྲིས་བགྱིས་སོ།། ༢༠༡༢ ༡༡ ༢༣