ཉི་ཧོང་བོད་རིགས་ཚོགས་པའི་ལས་འགུལ།

ཉི་ཧོང་དུ་བོད་མི་དང་དོན་དོན་རྒྱབ་སྐྱོར་བ་ཚོས་ཟླ་རེའི་གཟའ་ལྷག་པ་བཞི་པ་ནམ་ཡིན་ལ་བོད་དོན་ལས་འདུལ་དང་འབྲེལ་བའི་བསྔོ་སྨོན་འཚོག་གི་ཡོད་པ་དང་། ཟླ་བ་འདིའི་ཕྱི་ཚེས་ ༢༨ རེས་གཟའ་ལྷག་པ་བོད་ཚེས་ ༡༥ ཉིན་དམིགས་བསལ་གྱི་དུས་ཆེན་ཁྱད་པར་ཅན་ཞིག་ཡིན་པས། གོ་ཁོ་ཁུ་ཇི་ཞེས་པའི་ཉི་ཧོང་གི་གསང་སྔགས་དགོན་པ་ཞིག་བསྔོ་སྨོན་རྒྱ་ཆེན་འཚོགས་ཡོད་པ་རེད།

དེ་ཡང་རང་ཡུལ་བོད་ནང་རང་ལུས་མེར་སྲེག་གི་རྫ་དྲག་གནས་སྟངས་མུ་མཐུད་བྱུང་དང་འབྱུང་བཞིན་པ་དེར་ཉི་ཧོང་བོད་རིགས་ཚོགས་པའི་གདུང་སེམས་མཉམ་བསྐྱེད་ཀྱི་རྒྱབ་སྐྱོར་མཚོན་ཆེད་དང་།   ལྷག་དཀར་སྲུང་བརྩི་ཞུ་རྒྱུ་ཟླ་བ་སྔོན་མ་ནས་འགོ་བརྩམ་ཡོད་འདུག   དེ་ཡང་ཟླ་རེའི་གཟའ་ལྷག་པ་བཞི་པ་ནམ་ཡིན་ལ་ཕྱི་དྲོ་ཆུ་ཚོད་ ༦ དང་ཕྱེད་ཀ་ནས་ ༨ པ་བར་ཞལ་འདོན་དུ་ཉི་ཧོང་དང་བོད་སྐད་གཉིས་ཀྱི་ཐོག་ཤེས་རབ་སྙིང་པོ་དང་།   རྒྱལ་བའི་ཞབས་བརྟན།   བདེན་ཚིག་སྨོན་ལམ།   བཛྲ་གུ་རུའི་མཚན་སྔགས་སོགས་གསུང་འདོན་གནང་བཞིན་འདུག

ཟླ་བ་རྗེས་མའི་ཚེས་ ༨ གཟའ་སྤེན་པའིཉིན་མི་མང་གི་གུང་སེང་དང་སྟབས་བསྟུན་ཉོ་ཧོང་བོད་རིགས་ཚོགས་པའི་གོ་སྒྲིག་འོག་ཉི་ཧོང་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་།   ཉི་ཧོང་བོད་དོན་རྒྱབ་སྐྱོར་མཐུན་ཚོགས་ TSNJ གཉིས་ཀྱི་རྒྱབ་སྐྱོར་ཐོག་རྒྱལ་སའི་ཤི་བྷུ་ཡ་ཞེས་པའི་མི་མང་འདུ་འཛོགས་ཆེ་བའི་ས་ཆ་དེར་སྐད་འབོད་ཁྲོམ་སྐོར་གནང་གཏན་འཁེལ་འདུག

དེ་ཡང་རང་གཞུང་སྲིད་སྐྱོང་མཆོག་ནས་དེ་སྔོན་ ༼ དེ་རིང་བོད་མིའི་སྒྲིག་འཛུགས་ཐོག་ནས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། དེ་བཞིན་ཆོས་ཚོགས་ཁག སྤྱི་མཐུན་ཚོགས་པ་སྤྱི་ཡོངས་ལ་ཞུ་རྒྱུར། ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་༸གོང་ས་མཆོག་ལ་ནོ་བེལ་གཟེངས་རྟགས་འབུལ་ལམ་ཞུས་པའི་ཉིན་དང་དམིགས་བསལ་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་ཡིན་པར་སོང་ཉིན་དེར་རྒྱལ་སྤྱིའི་གདུང་སེམས་མཉམ་བསྐྱེད་ཀྱི་ཉིན་མོར་སྲུང་བརྩི་གནང་རོགས་ཞུ་རྒྱུ་ཡིན་ཞེས་སོགས་༽ གསུངས་པ་ལྟར། གོ་སྒྲིག་གནང་བ་ཞིག་ཡིན་འདུག     གཞན་ཡང་།   ཉིན་དེའི་ཕྱི་དྲོ་ཆུ་ཚོད་ ༦ པ་ནས་THE BURNING QUESTION, why are the Tibetans turning to self immolation?  ཞེས་པའི་བོད་ནང་རང་ལུས་མེར་སྲེག་སོགས་ཀྱི་གློག་བརྙན་དང་རིང་མིན་རང་གཞུང་ནས་སླང་ཡང་གློག་བརྙན་སྐར་མ་བཅུ་ཅན་ཞིག་སྟོན་འཆར་ཡོད་པ་དེ་གཉིས་ཀ་མི་མང་ལ་སྟོན་རྒྱུ་རེད་འདུག

ཚེས་ ༡༠ འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་ ཕྱི་དྲོ་ཆུ་ཚོད་ ༤ པ་ཙམ་ཐོག་ཉི་ཧོང་ཡོད་པའི་རྒྱལ་སྤྱིའི་ལས་ཁུངས་སུ་ད་ལྟའི་བོད་ནང་གི་རྫ་དྲག་གི་གནས་སྟངས་ཐོག་འཛམ་གླིང་རྒྱལ་སྤྱི་ནས་བོད་དོན་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུ་རྒྱུ་དང་འབྲེལ་སྙན་ཞུ་ཁག་ཅིག་དང་།   གོང་གི་རང་ལུས་མེར་སྲེག་དང་འབྲེལ་བའི་གློ་བརྙན་འོད་སྡེར་བཅས་འབུལ་རྒྱུ་དང་།   ཕྱི་དྲོ་ཆུ་ཚོད་ ༦ པ་ནས་མར་མེའི་མཆོད་འབུལ་དང་ཞལ་འདོན་སྨོན་ལམ་གསུང་རྒྱུའི་ལས་འགུལ་ཞིག་གཏན་འཁེལ་འདུག་ཡོད་པ་རེད། www.tibetancommunity.jp

གནས་ཚུལ་མཁོ་གཏོང་བ་བློ་བཟང་ཡེ་ཤེས་ཀྱིས་ས་གནས་ནས།