གཞུང་འབྲེལ་མཆོད་འབུལ་སྨོན་ལམ།

བོད་ནང་རང་ལུས་མེར་སྲེག་གི་ལས་འགུལ་བར་མ་ཆད་དུ་ཡོང་གི་ཡོད་པར་བརྟེན། དེ་རིང་དགོང་དྲོར་ཀིརྟི་རིན་པོ་ཆེ་དབུ་བཞུགས་ཐོག ས་གནས་མང་ཚོགས་ཧ་ཅང་མང་པོ་འདུ་འཛོམས་ཀྱིས་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཞིག་འཚོགས་སོང་།
དེ་ཡང་ཟླ་འདིའི་ཕྱི་ཚེས་༣༠ ཉིན་གྱི་དགོང་དྲོའི་ཆུ་ཚོད་༣།༣༠ ཀྱི་སྟེང་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ཀིརྟི་རིན་པོ་ཆེ་དབུ་བཞུགས་ཐོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་དང་སྲི་ཞུའི་ལས་བྱེད་རྣམ་པ། གཞན་ཡང་དྷ་སའི་ཉེ་འཁོར་གྱི་གྲྭ་ཚང་དང་། བཙུན་དགོན་ཁག་གི་གྲྭ་བ་དང་བཙུན་མ། དེ་བཞིན་སློབ་གྲྭ་ཁག་གི་དགེ་རྒན་དང་སློབ་ཕྲུག ས་གནས་མང་ཚོགས་བཅས་མི་ཧ་ཅང་མང་པོ་འདུ་འཛོམས་ཀྱིས།
བོད་མི་རིགས་ཀྱི་བསྟན་སྲིད་དང་རང་དབང་གི་ཆེད་བོད་ནང་རང་ལུས་མེར་སྲེག་གི་ལས་འགུལ་བར་མ་ཆད་དུ་ཡོང་གི་ཡོད་པར་བརྟེན། བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་རང་སྲོག་ཤོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ལ་བསྔོ་སྨོན་དང་། ཁོང་ཚོའི་ནང་མི་སྤུན་ཟླ་ཚོེར་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་རྒྱས་པ་ཞིག་འཚོགས་སོང་ལ། མཆོད་འབུལ་སྨོན་ལམ་ཐོག་ཆོས་རིག་ལས་ཁུངས་ཀྱིས་དེར་འཛོམས་པའི་དགེ་བཙུན་སྔགས་གསུམ་ལ་སྐུ་འགྱེད་ཧིན་སྒོར་༥༠ རེ་གནང་སོང་།
སྐབས་དེར་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་གྱིས། བོད་ནང་བདུན་ཕྲག་གཅིག་གི་ནང་མི་༡༠ རང་ལུས་མེར་སྲེག་བཏང་ཡོད་སྐོར་དང་། ཁོང་ཚོའི་ཞལ་ཆེམས་དང་མངོན་འདོད་དེ་དག་ང་ཚོས་ཆད་ལྷག་མེད་པར་རྒྱལ་སྤྱིའི་ཐོག་གསལ་བསྒྲགས་བྱེད་དགོས་སྐོར། དེ་བཞིན་རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་དག་གིས་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་རང་སྲོག་བློས་བཏང་བའི་གནས་སྟངས་དེ་ཚོ། བོད་མིའི་མིང་ཐོགས་ཚད་ཀྱིས་གསལ་པོར་ཤེས་པའི་ཐོག བོད་མི་མི་རེ་ངོ་རེ་ནས་ཁོང་ཚོའི་མངོན་འདོད་བསྒྲུབ་ཆེད་ལས་འགུལ་སྤེལ་དགོས་སྐོར་སོགས་གསུངས་སོང་།
