སྐྱུག་བྲོ་བའི་ང།
སྐྱུག་བྲོ་བའི་ང་།
ཀ་དག་རང་ཡུལ་་་་་་ས་ཤོར་བའི་ང་།།
ཁ་གཞིས་མ་ཁང་་་་ཡོངས་བརླགས་པའི་ང་།།
ག་དུས་བླ་སྲོག་་་་་ཀྱོག་ཚར་བའི་ང་།།
ང་ཚོའི་ལ་རྒྱ་་་་་སྟོང་ཟིན་བའི་ང་།།།།
ཅ་ཅོའི་དྲན་འཕྲུལ་མྱུར་་་་་་སྡུག་ཅན་ང་།།
ཆ་རྒྱུས་དཔལ་འབྱོར་དབེན་་་་སྤྲང་པོ་ང་།།
ཇ་ཆང་རག་གིས་བཟི་་་་་་རྩ་སྨྱོན་ང་།།
ཉ་མོ་ཆུ་བྲལ་བཞིན་་་་་་ཤི་ཕོ་ང་།།།།
ཏ་རེའི་ཤེས་རབ་དབེན་་་་་གླན་ལྐུགས་ང་།།
ཐ་ཤལ་གང་སར་འཁྱམ་་་་་་དབུལ་ཕོངས་ང་།།
ད་དུང་ནུས་མེད་ཀྱང་་་་་་ གཤེན་པ་ང་།།
ན་ནུར་བློ་ཁག་དབེན་་་་་་ ལོག་ལྟ་ང་།།།།
པ་ཕའི་རྒྱུས་འབྲས་བསྐྱུར་་་་་་ཀླ་ཀློ་ང་།།
ཕ་རྒྱུད་མག་མོག་གྱུར་་་་་་་དོན་མེད་ང་།།
བ་གླང་སྟོང་མདང་རྫོགས་་་་་་གཅེར་བུར་ང་།།
མ་ཡི་བུ་ཚ་དབེན་་་་་་་ཁེར་འདུག་ང་།།།།
ཙ་རི་རྩོད་གླེང་ཕུང་་་་་་ནད་ཅོང་ང་།།
ཚ་བོའི་གཅེས་སྲོག་འཕྲོག་་་་་་ལག་དམར་ང་།།
ཛ་དྲག་དབྱེན་སྦྱོར་བྱང་་་་་་གཡོ་ཅན་ང་།།
ཝ་མོའི་ལོ་རྒྱུས་བྲིས་་་་་་ཕུང་རྒན་ང་།།།།
ཞྭ་མེད་གཞན་ཡུལ་བྱོལ་་་་་་ཡུལ་གྱར་ང་།།
ཟ་ཟིའི་གཉའ་གནོན་མྱོང་་་་་་བྲན་གཡོག་ང་།།
འ་འུར་ཇག་པས་བཅོམ་་་་་་ངལ་དུབ་ང་།།
ཡ་ཡོ་རོ་ལྟར་གྱུར་་་་་་ཡི་དག་ང་།།།།
ར་ལུག་ཁྱུ་ཚོགས་བྲལ་་་་་་་འབྲོག་ཕྲུག་ང་།།
ལ་ལུང་མང་པོ་བརྒལ་་་་་་རྐང་ཐང་ང་།།
ཤ་ཉེ་སྤུན་ཟླ་བྲལ་་་་་་སྡུག་འཁུར་ང་།།
ས་མཐར་མཆི་མ་བསྐྱིལ་་་་་་་བན་རོ་ང་།།།།
ཧ་ཅང་འབོད་ཀྱང་་་་་་ངག་རྫོགས་པའི་ང་།།
ཧ་ལས་ཧོན་ཐོར་་་་་་ཅང་མེད་པའི་ང་།།
ཨ་མའི་རེ་བ་་་་་་བསྐྱུར་ཟིན་པའི་ང་།།
ཨ་ཧོ་ཡ་ང་་་་་སྐྱུག་བྲོ་བའི་ང་།།།།
༢༠༡༢ ལོའི་ཟླ་ ༡༡ ཚེས་ ༢༦ ཉིན་ལས་ཁང་དུ་བྲིས།