སྦེལ་ཀོབ་ཏུ་སྨོན་ལམ་མཚན་ཚོགས།
ཕྱི་ཟླ་ ༡༡ ཚེས་ ༣༠ ཉིན་གྱི་ཕྱི་ཆུ་ཚོད་ ༥ ཕྱེད་ཐོག རྒྱ་གར་ལྷོ་ཕྱོགས་ཀརྞ་ཊ་ཀའི་མངའ་སྡེ། མེ་སོར་རྫོང་། སྦེལ་ཀོབ་ས་ཁུལ་དུ་ཡོད་པའི་ལུགས་ཟུང་བསམ་འགྲུབ་གླིང་དང་། བདེ་སྐྱིད་སླར་གསོ་གཞིས་ཆགས་ཀྱི་ས་གནས་གཞོན་ནུ་ལྷན་ཚོགས་དང་།
བུད་མེད་ལྷན་ཚོགས་གཉིས་ཀྱི་གོ་སྒྲིག་འོག བོད་དོན་ཆེད་རང་ལུས་མེར་སྲེག་གཏོང་མཁན་ཚོའི་ཆེད་དུ་བསྔོ་སྨོན་མཚན་ཚོགས་ཤིག་འཚོགས་ཡོད་པ་རེད།
སྨོན་ལམ་མཚན་ཚོགས་དེར་བོད་བསྟན་སྲིད་རང་དབང་གི་ཆེད་དུ་འདས་གྲོང་སོང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་དང་། གཞིས་བཞུགས་བོད་མི་ཡོངས་ལ་གདུང་སེམས་མཉམ་བསྐྱེད་དང་། བསྔོ་བ་སྨོན་ལམ། རྒྱལ་བའི་ཞབས་བརྟན་གསོག་བསྒྲུབ་བྱས་སོང་ལ། ལས་འགུལ་གོ་སྒྲིག་པ་ས་གནས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་སྒྲོལ་མས། ཕྱི་ཟླ་ ༡༡ པའི་ཚེས་ ༢༨ དང་ ༢༩ སོ་སོར་མདོ་སྨད་ཀླུ་ཆུ་དང་མཛོད་དགེ་བཅས་སུ་བོད་ཀྱི་ན་གཞོན་བན་དེ་མཁར་དང་བོད་མི་ཚེ་རིང་རྣམ་རྒྱལ་གཉིས་ཀྱིས་རང་ལུས་མེར་སྲེག་གིས་རྒྱ་ནག་སྲིད་གཞུང་ལ་ངོ་རྒོལ་བྱས་ནས་འདས་གྲོང་སུ་སོང་ངོ་སྤྲོད་དང་། བོད་ནང་གི་ཛ་དྲག་གནས་བབས་ངོ་སྤྲོད་གནང་ཡོད་པ་རེད།
ཁོང་གིས་རྒྱ་ནག་སྲིད་གཞུང་གིས་བོད་མིའི་ས་ཁུལ་དེའི་མི་སེར་ཡོངས་ལ་སྔར་ལས་ལྷག་པའི་དམ་དྲག་དང་། རྡུང་རྡེག སུན་བཙེར་བཟོ་བཞིན་ཡོད་པ་དང་། དོན་མེད་འཛིན་བཟུང་བཙོན་འཇུག་སོགས་བྱེད་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་སོང་།
སྦེལ་ཀོབ་ས་གནས་སུ་ས་གནས་གཞོན་ནུ་ལྷན་ཚོགས་དང་བུད་མེད་ལྷན་ཚོས་གཉིས་ཀྱིས་གོ་སྒྲིག་འོག བོད་ནང་རང་ལུས་སུ་མེར་སྲེག་གི་ཛ་དྲག་གནས་ཚུལ་ནམ་བྱུང་ལ་ས་གནས་མི་མང་བསྡུ་བསྐོང་གིས་བསྔོ་སྨོན་གསོལ་འདེབས་དང་། མར་མེའི་ཁྲོམ་སྐོར། མེ་སོར་རྫོང་ལས་ཁང་བརྒྱུད་རྒྱ་གར་དབུས་གཞུང་དང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་། འགྲོ་བ་མིའི་ཐོགས་ཐང་སྲུང་སྐྱོབ་ཚོགས་པ་སོགས་སུ་བོད་ནང་གི་གནས་སྟངས་ངོ་སྤྲོད་དང་། བོད་ནང་གི་བོད་མིའི་མངོན་འདོད་སྒྲུབ་ཐབས་བྱེད་དགོས་པ་སོགས་ཀྱི་བདེ་སྡུག་སྙན་ཞུ་ཕུལ་བ་སོགས་ཀྱི་ལས་འགུལ་སྣ་མང་སྤེལ་བཞིན་ཡོད་པ་རེད་ལ། དེ་མིན་ས་གནས་ཀྱི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྡེ་ཁན་ཁག་ནས་ཀྱང་སྐབས་དང་དུས་སུ་བོད་དོན་ལས་འགུལ་སྤེལ་བཞིན་ཡོད་པ་རེད།
མེ་སོར་གསར་འགོད་པས།