དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་༧གོང་ས་མཆོག་གི་གསུང་ཆོས།
ཕྱི་ཟླ་༡༡ པའི་ཚེས་༣༠ ཉིན་གྱི་སྔ་དྲོ་ཕྱག་ཚོད་༩ དགུ་པའི་ཐོག་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་འདུ་ཁང་ནང་དུ་ལམ་རིམ་བཀའ་ཆོས་དབུ་འཛུགས་གནང་ཡོད་པ་རེད།
བྱང་ཆུབ་ལམ་རིམ་གྱི་གསུང་ཆོས་ཞུ་མཁན་དགའ་ལྡན་ཁྲི་རིན་པོ་ཆེ་གཙོས་གདན་ས་གྲྭ་ཚང་ཁག་གི་མཁན་ལས་ཟུར་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམས་དང་། དེ་བཞིན་རྒྱལ་ཁབ་༥༣ ཙམ་ནས་ཆེད་དུ་ལམ་རིམ་ཆེན་མོའི་གསུང་ཆོས་ལ་བཅར་མཁན་དད་ལྡན་ཆོས་ཞུ་བ་མང་པོ་ཆེད་བཅར་ཞུས་ཡོད་པ་རེད།
དེ་ཡང་ཐོག་མར་༧གོང་ས་མཆོག་གིས་བཀའ་ཆོས་དང་འབྲེལ་བཀའ་སློབ་གནང་དོན། “དེ་རིང་གི་བཀའ་ཆོས་དེ་ནི་སངས་རྒྱས་ཀྱི་བསྟན་པ་རིན་པ་ཆེ་འདི་ཉིད་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་སོགས་བསྟན་པའི་ཞབས་འདེགས་ཞིག་ཡིན་པ་མ་ཟད། ལམ་རིམ་ཆེན་མོའི་གསུང་ཆོས་འདི་དེ་སྔ་སངས་རྒྱས་ཀྱི་བསྟན་པ་དེ་ཙམ་དར་ཁྱབ་མེད་པ་དང་། གོ་རྟོགས་དེ་ཙམ་མེད་པ་རྣམས་ལ་ཡང་སངས་རྒྱས་ཆོས་ཀྱི་གོ་བ་ཆགས་པའི་ཕན་ཐོགས་ཆེན་པོ་ཡོད་པ་རེད་ལ། ནང་པ་སངས་རྒྱས་པའི་ཆོས་པ་ཞིག་བྱེད་པར་བསྟན་པ་ཡོངས་རྫོགས་ལ་གོ་བ་ཆགས་པ་ཞིག་བྱེད་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན་པ་རེད། ལྷག་པར་དུ་ཐོས་དོན་བསྒྲུབ་ལ་གཞོལ་ཞེས་པ་ནང་བཞིན་སེམས་རྒྱུད་འདུར་ཐུབ་བྱེད་དགོས་རེད་མ་གཏོགས། ཁ་བདེ་བོ་ཆགས་པ་ཙམ་གྱིས་གང་ཡང་ཕན་ཐོགས་ཀྱི་མ་རེད་”ཅེས་གསུངས་སོང་།
དེ་བཞིན་ད་རེས་ཆོས་ཞུ་བ་རྣམས་པར་མཚོན་ན། འཆར་ཅན་མ་ཡིན་པར་བདུན་ཕྲག་གཉིས་རིང་གི་དུས་ཡུན་ཐུང་ཐུང་དེ་དོན་དང་ལྡན་པ་ཞིག་བྱེད་དགོས་པའི་བཀའ་སློབ་དང་འབྲེལ་སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་སྙུང་གཞི་གང་མྱུར་སེང་དྲག་དང་བསྟན་པའི་བྱ་བ་རླབས་ཆེན་པོ་གནང་ཐུབ་པར་ཚང་མས་ཐུགས་སྨོན་ཡང་གནང་དགོས་སྐོར་གསུངས་སོང་།

༧གོང་ས་མཆོག་གིས། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་ཕེབས་ཏེ་བྱང་ཆུམ་ལམ་སྒྲོན་ཐོག་མར་བརྩམས་ནས། བཟུང་བྱང་ཆུབ་ལམ་རིམ་ཆེ་འབྲིང་ཆུང་གསུམ་སོགས་བོད་དུ་དར་ཁྱབ་བྱུང་བ་སོགས་ཀྱི་བརྒྱུད་རིམ་དང་བྱང་ཆུབ་ལམ་རིམ་ཞེས་པའི་སྒྲ་བཤད་སོགས་ངོ་སྤྲོད་གནང་སོང་། གཞན་ཡང་ཐོག་མར་ནང་ཆོས་ངོ་སྤྲོད་གནང་སྐབས་ནང་པ་སངས་རྒྱས་པའི་ཐུན་མོང་མ་ཡིན་པའི་ལྟ་བ་རྟེན་འབྱུང་སྐོར་ནས་ཕྱི་ནང་གི་ལྟ་བའི་ཁྱད་པར་དང་འབྲས་བུ་བདེ་སྡུག་ཐམས་ཅད་རྒྱུ་རྐྱེན་རྟེན་འབྲེལ་ལ་བརྟེན་ནས་འབྱུང་གི་ཡོད་སྟབས། བདེ་བའི་རྒྱུ་བྱ་སྤྱོད་བཟང་པོ་ལ་འཇུག་པ་དང་སྡུག་བསྔལ་གྱི་རྒྱུ་བྱ་སྤྱོད་ངན་པ་དེ་དག་སྤོང་དགོས་སྐོར་སོགས་གསུངས་སོང་།
༧གོང་ས་མཆོག་གིས་དེ་རིང་ནས་དབུ་འཛུགས་ཀྱི་བསྩལ་བཞིན་པའི་བྱང་ཆུབ་ལམ་རིམ་ཆེན་མོའི་ཁྲིད་ཆེན་བཅོ་རྒྱད་ཀྱི་བཀའ་ཁྲིད་གནང་རྒྱུའི་ཐོག་མར་ཇོ་བོ་རྗེ་དཔའ་ལྡན་ཨ་ཏི་ཤས་བོད་དུ་ཐོག་མར་བརྩམས་པའི་བྱང་ཆུབ་ལམ་སྒྲོན་ནས་དབུ་འཛུགས་གནང་སོང་ལ། དེ་ནས་རིམ་བཞིན་བྱང་ཆུབ་ལམ་རིམ་ཆེ་འབྲིང་ཆུང་གསུམ་རྣམས་གསུང་རྒྱུ་རེད་འདུག
གཞན་ཡང་བྱང་ཆུབ་ལམ་རིམ་ཆེན་མོའི་གསུང་ཆོས་གོ་སྒྲིག་གནང་མཁན་དང་སྦྱིན་བདག་གཙོ་བོ་སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་ཕྱི་ཚེ་༢༩ ཉིན་ཆིབས་གྲུ་བརྡབ་སྐྱོན་གྱིས་སྨན་ཁང་ལ་བཞུགས་དགོས་བྱུང་ཡོད་པར་བརྟེན། ཐེངས་འདིའི་གསུང་ཆོས་ལ་བཅར་ཐུབ་མི་འདུག་ལ། ད་ལྟ་ཁོང་རྒྱ་གར་ལྷོ་ཕྱོག་ཀ་ཎ་ཌ་ག་མངའ་སྡེའི་ནང་གི་སྨན་ཁང་ཆེ་ཤོས་ཨ་པོ་ལོ་ཞེས་པའི་སྨན་ཁང་ནང་སྨན་བཅོས་བྱེད་བཞིན་ཡོད་ན་ཡང་། ཉེན་ཁ་གང་ཡང་མི་འདུག་ཅེས་འབྲེལ་ཡོད་ནས་གསུངས་སོང་།
མོན་གྷོ་གསར་འགོད་པས།
