༄༅།། ལྷབ་ལྷབ་འབར་བའི་མེ་ལྕེ་དམར་པོ།

 

 མེ་ལྕེའི་རུས་གསང་ལ་ཚོར་བ་གྲངས་མེད་བསྐྲུན།

མེ་ལྕེ་སུ་ཞིག་གིས་ཆེད་དུ་འབར།

མེ་ལྕེ་ནི་རང་བཙན་དང་དྲང་བདེན་གྱི་ཆེད་དུ་འབར།

མེ་ལྕེ་ནི་སྲོང་བཙན་ཚང་གི་ཁྱིམ་གཞིས་ནས་འབར།

མེ་ལྕེའི་བསྲེགས་བའི་ཕུ་ནུ་མིང་སྲིང་ཚོ།

རང་བཙན་དང་བདེ་སྐྱིད་ཀྱི་ཆེད་དུ་གཟིམས་སོང་།

མེ་ལྕེ་ནི་ཁ་བའི་ཁྲོད་ནས་འབར་གྱིན།

མེ་ཞགས་དེ་གོ་ལའི་སྒང་ནས་མཆེད།

མེ་ལྕེ་དང་དར་ཅོག་རྡོ་འབུམ་སོགས།

དཔའ་རྒོད་ཚོའི་དྲན་རྟེན་ཡིན།

མེ་ལྕེ་མཆེད་སྟངས་ཤིག་གིས།

སྤུན་ཟླའི་སྐུ་ཕུང་སོལ་ནག་དང་དུད་དྲེག་གིས་སྒོ་ཁར་བསྐྱལ། 

མེ་ལྕེ་ནི་བདེན་དོན་གྱི་ཆེད་དུ་འབར།

མེ་ལྕེ་ནི་རང་བཙན་དང་འབྱུང་འགྱུར་གྱི་ཆེད་དུ་གཟིམ་མི་སྲིད།

མེ་ལྕེ་ལྷབ་ལྷབ་འབར་བའི་མི་ཡུལ་དེ །

ངའི་ཕ་ས་དང་ངའི་རྒྱལ་ས་ཁོ་ན་རེད།

མེ་ལྕེ་དང་ཁྲག་དྲི་ཀི་སྐྲ་སོགས།

གདོང་དམར་གྱི་ལས་དབང་དང་སྐྱིད་སྡུག་མཚོན་ཐུབ།

མེ་ལྕེའི་ཁ་སྒོ་ན་སྣང་མེད་དུ་འབར་བཞིན་པ།

ངའི་སྤུན་ཟླ་དང་ཚ་བོ་དང་ཡང་ཚ་སོགས་རེད། 

མེ་ལྕེའི་ལོ་རྒྱུས་རིང་མོའི་ས་སྒང་ལ།

བདེན་དཔང་གིས་དབུ་ཁྱུད་བྲིས།

མེ་ལྕེ་ནི་རང་བཙན་དང་ཕུགས་བསམ་གྱིས་ཆེད་དུ་འབར།

མེ་ལྕེའི་འདབས་རོལ་ན།

མིག་ཆུ་གྲངས་མེད་བཞུར་བའི་གདོང་དམར་པ།

མེ་ལྕེའི་ཡོད་ཚོད་བསྲེགས་ཟིན།

ད་དུང་མེ་ལྕེ་ལ་ཕྱི་མིག་འཁྲེང་བཞིན།

མེ་ལྕེ་དང་མིག་ཆུ་ཤུགས་རིང་།

དྲང་བདེན་དང་རང་དབང་གིས་ཆེད་དུ།

མེ་ལྕེའི་དྲོད་སྣང་གིས་གངས་རི་བཞུས་རི་བོ་ནུར །

མེ་ལྕེ་ནི་ང་ཚོའི་ཡིག་ཚང་གི་དཀྱིལ་སྙིང་ཡིན་པར་ཤེས་སམ།

མེ་ལྕེ་འབར་ས་དང་དུད་སྤྲིན་འཕྱུར་ས་ན།

ཕུ་ནུའི་ལས་དབང་དང་ལོ་རྒྱུས་ཡོད། མེ་ལྕེའི་ལོ་རྒྱུས་དེ །

མདོ་དབུས་ཁམས་གསུམ་ནས་བར་མེད་མཆེད།

མེ་ལྕེ་ནི་ང་དགུའི་ལོར་ཚུན་ཆོད་ནས་བར་མེད་འབར།

ཉིན་འབར་མཚན་འབར་གྱི་མེ་ལྕེ་དམར་པོ།

ནང་མི་སྤུན་ཟླའི་ཆེད་དུ་ལྷབ་ལྷབ་འབར།

མེ་ལྕེ་ནི་རང་བཙན་དང་དྲང་བདེན།

སྨྲ་བརྗོད་སོགས་ཀྱི་ཆེད་དུ ་འབར།

མེ་ལྕེ་མེ་ལྕེ་མེ་ལྕེ་་་་་་་་་་་་་་་་་་་་་་་

གསེར་རྟ་བསོད་ནམས་ཕུན་ཚོགས་སམ་དཔལ་ཤུལ་འབྲོང་སྲས་སུ་

འབོད་པས་བོད་ཀྱི་རྒྱལ་ས་གཉིས་པ་བཞུགས་སྒར་རྡ་རམ་ས་ནས་

སུག་བྲིས་སོ་བགྱིས་སོ། ༢༠༡༢  ༡༢  ༤