༢༠༡༣ ལོ་དེ་བོད་མིར་གདུང་སེམས་མཉམ་བསྐྱེད་ཀྱི་ལོར་ངོས་འཛིན།
དེ་རིང་སྲིད་སྐྱོང་བློ་བཟང་སེང་གེས་བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ་ཞིག་དབུ་འབྱེད་གནང་སྟེ། དྲ་ལམ་བརྒྱུད་ནས་རྒྱལ་སྤྱིའི་སྤྱི་ཚོགས་དང་བོད་མིའི་གྲོགས་པོ་རྣམས་ལ་བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་ངོ་སྤྲོད་དང་འབྲེལ་བོད་དོན་དྲིལ་བསྒྲགས་བྱ་རྒྱུ་ཡིན་སྐོར་གསུངས་སོང་།
དེ་ཡང་ཟླ་འདིའི་ཕྱི་ཚེས་༥ ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༡ ཐོག དྷ་ས་གངས་སྐྱིད་བཀའ་ཤག་གི་ཡང་སྟེང་དུ། སྲིད་སྐྱོང་བློ་བཟང་སེང་གེ་དང་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས། ཕྱི་དྲིལ་དྲུང་འཕར་བཀྲ་ཤིས་ཕུན་ཚོགས་བཅས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་བསྐོང་སྟེ། སྲིད་སྐྱོང་བློ་བཟང་སེང་གེའི་བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ། (www.solidaritywithtibet.org)དང་།(www.facebook.com/SolidarityWithTibet)དེ་བཞིན་བོད་མིའི་རང་ལུས་མེར་སྲེག་གི་གནས་ཚུལ་སྐོར་གྱི་བརྙན་འཕྲིན་སྐར་མ་བཅུ་ཅན་ཞིག་བཅས་དབུ་འབྱེད་དང་འབྲེལ། ༢༠༡༢ ལོར་བོད་དོིན་ཞུ་གཏུགས་ཀྱི་ལོར་ངོས་འཛིན་བྱས་ཡོད་པ་ལྟར། ༢༠༡༣ ལོ་དེ་བོད་མིར་གདུང་སེམས་མཉམ་བསྐྱེད་ཀྱི་ལོར་ངོས་འཛིན་གྱིས། གོང་ཞུས་ཀྱི་དྲ་ལམ་བརྒྱུད་རྒྱལ་སྤྱིའི་སྤྱི་ཚོགས་དང་བོད་མིའི་གྲོགས་པོ་རྣམས་ལ་བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་ངོ་སྤྲོད་དང་འབྲེལ་བོད་དོན་དྲིལ་བསྒྲགས་བྱ་རྒྱུ་ཡིན་སྐོར་དང་། དེ་བཞིན་ཕྱི་ལོ་༢༠༡༢ ཟླ་༡༢ ཚེས་༡༠ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་སྲུང་བརྩི་ཞུ་བ་དང་སྟབས་བསྟུན། ཉིན་དེར་བོད་དོན་ཆེད་རྒྱལ་སྤྱིའི་སྒང་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་རྒྱུ་ཡིན་པ་རེད།
གསར་འགོད་གསལ་བསྒྲགས་ནང་འཁོད་དོན། “ཕྱི་ལོ་༢༠༡༢ ལོའི་གསུམ་བཅུའི་དུས་དྲན་གྱི་གཏམ་བཤད་སྐབས་ངས་བོད་མི་དང་བོད་པའི་གྲོགས་པོ་རྣམས་ལ་ཕྱི་ལོ་༢༠༡༢ ལོར་བོད་དོན་རྒྱབ་སྐྱོར་ཆེད་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་རྒྱུའི་ལོ་ཞིག་ཏུ་འགྱུར་རྒྱུའི་འབོད་སྐུལ་ཞུས་ཡོད། འབོད་སྐུལ་ཞུས་པ་ལྟར་ཡུ་རོབ་སྤྱི་མཐུན་ཚོགས་པ་དང་ཧྥ་རན་སི། ཨི་ཊ་ལི། ཨ་རི་བཅས་ཀྱི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག་པ་མ་ཟད། ཨོ་སི་ཊོ་ལི་ཡ་དང་བྷར་སིལ། ཁེ་ཎ་ཌ། ཡུ་རོབ་སྤྱི་མཐུན་ཚོགས་པ། ཧྥ་རན་སི། ཇར་མན། ཨི་ཊ་ལི། རྒྱ་གར། ཉི་ཧོང། ལྷོ་ཨ་ཕི་རི་ཀ། ཨ་རི་སོགས་ཀྱི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་བསྒྲགས་གཏམ་སྤེལ་བར་བརྟེན། འབོད་སྐུལ་ཞུས་པ་དེ་ལམ་ལྷོང་ལྡན་པ་ཞིག་བྱུང་ཡོད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་གཙོ་བོར་གྱུར་བའི་སྲིད་གཞུང་ཁག་དང་རྒྱལ་ཁབ་མང་པོའི་གྲོས་ཚོགས་ཀྱིས་བོད་ནང་གི་གནས་ཚུལ་ཇེ་སྡུག་ཏུ་འགྲོ་བཞིན་པའི་ཛ་དྲག་གི་གནས་སྟངས་ལ་དོ་སྣང་དང་སེམས་འཚབ་ཀྱི་རྣམ་པ་བསྟན་པ་མ་ཟད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་གཙོ་ལྕམ་སྐུ་ནི་ཝི་པིལ་ལེ་མཆོག་དང་། རྒྱ་ནག་ཏུ་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་སྐུ་ཞབས་གེ་རི་ལོཀ་མཆོག་གིས་བོད་དོན་བསྒྲགས་གཏམ་སྤེལ་བ་དང། དེ་བཞིན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས། འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པ། ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ལྷན་ཁང་བཅས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་གསར་འགྱུར་བརྒྱུད་བསྒྲགས་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ང་ཚོས་ལོ་འདིར་བོད་དོན་རྒྱབ་སྐྱོར་ཆེད་ཞུ་གཏུགས་ཀྱི་ལས་འགུལ་འདི་གཙོ་བཟུང་ཐོག་འཆར་ལོ་ཕྱི་ལོ་༢༠༡༣ ནང་བོད་དོན་ཆེད་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་རྒྱུ་ཡིན་”ཞེས་དང་།
ཡང་གསལ་བསྒྲགས་དེའི་ནང་བོད་མིའི་རང་ལུས་མེར་སྲེག་གི་སྐོར་འཁོད་དོན། “ང་ཚོས་བོད་མི་ཚོར་འུ་ཐུག་ཐབས་ཟད་ཀྱི་ལས་འགུལ་རིགས་མ་སྤེལ་རོགས། ཞེས་འབོད་སྐུལ་ཇི་ཙམ་བྱས་ཀྱང་བོད་ནང་རང་ལུས་མེར་སྲེག་བསྟུད་མར་བཏང་སྟེ་ད་ཆ་རང་ལུས་མེར་སྲེག་གཏོང་མཁན་བོད་མི་གྲངས་༩༢ ཟིན་ཡོད་པ་ནས་ཕྱི་ལོ་༢༠༡༢ ལོར་བོད་མི་གྲངས་༧༩ རང་ལུས་མེར་སྲེག་བཏང་ཁོངས་ནས་ཕྱི་ཟླ་ ༡༡ནང་བོད་མི་གྲངས་༢༨ ཀྱིས་རང་ལུས་མེར་སྲེག་བཏང་ཡོད། རྒྱ་ནག་གཞུང་གིས་བོད་མིའི་དཀའ་ངལ་སེལ་རྒྱུའི་ཚབ་ཏུ་དམ་དྲགས་ཤུགས་ཆེ་རུ་གཏོང་བཞིན་ཡོད་པར་བརྟེན་བོད་མིའི་སྒྲིག་འཛུགས་ཀྱིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་རྒྱལ་སྤྱིའི་སྤྱི་ཚོགས་དང་། ཆབ་སྲིད་དབུ་ཁྲིད། རིག་པ་སྨྲ་བ། བོད་མིའི་གྲོགས་པོ། གསར་འགྱུར་བརྒྱུད་ལམ། དེ་བཞིན་དྲང་བདེན་ལ་དགའ་བའི་མི་མང་བཅས་ལ་གང་ཐུབ་ཀྱིས་གོ་རྟོགས་སྤེལ་ཐབས་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་”ཅེས་འཁོད་འདུག
མཐར་གསལ་བསྒྲགས་དེའི་ནང་༢༠༡༣ ལོར་དྲ་ལམ་བརྒྱུད་རྒྱལ་སྤྱིའི་སྒང་བོད་དོན་དྲིལ་བསྒྲགས་བྱེད་སྟངས་དང་། བོད་མིར་གདུང་སེམས་མཉམ་བསྐྱེད་ཀྱི་རྒྱབ་སྐྱོར་འཚོལ་ཕྱོགས་སྐོར་འཁོད་དོན། “དེ་འབྲེལ་ལས་འགུལ་གྱི་ཆ་ཤས་སུ་བོད་མིས་རང་ལུས་མེར་སྲེག་བཏང་བའི་སྐོར་བརྙན་འཕྲིན་སྐར་མ་བཅུ་ཅན་ཞིག་དང་། དྲ་རྒྱ་མེག་ཀོ་རོ་ས་ཡི་ཊི་(microsite) དེ་བཞིན་ངོ་དེབ་ཀྱི་ཤོག་ངོས་(Facebook page) ཞིག་ཀྱང་དབུ་འབྱེད་ཐོག རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་ལ་དོ་སྣང་དང་རྒྱབ་སྐྱོར་ཤུགས་ཆེ་རུ་གནང་རྒྱུའི་འབོད་སྐུལ་ཞུ་རྒྱུ་ཡིན། སྲིད་གཞུང་ཁག་དང་རྒྱལ་སྤྱིའི་སྒྲིག་འཛུགས་ཁག འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ། དེ་བཞིན་མི་སྒེར་སོགས་ཀྱིས་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་འཛམ་གླིང་མི་མང་ཚོས། མཁྱེན་པ་བཟོས་ཏེ་རྒྱ་ནག་གི་དབུ་ཁྲིད་ཚོར་གྲོས་མོལ་གྱི་ལམ་ནས། བོད་ཀྱི་གནད་དོན་སེལ་ཆེད་འབོད་སྐུལ་ཤུགས་ཆེ་གནང་ཚེ་ནུས་པ་ཏན་ཏན་འཐོན་རྒྱུ་རེད། བོད་མི་རང་ལུས་མེར་སྲེག་གཏོང་མཁན་རྣམས་ཀྱིས་༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པ་དང་། བོད་ལ་རང་དབང་དགོས་པའི་འབོད་ཚིག་སྒྲོག་བཞིན་ཡོད་”ཅེས་འཁོད་འདུག