གསར་འགོད་པ་ཚོ་སྤྱི་ཚོགས་ཀྱི་རྒྱུག་ཁྱི་རེད།
“གསར་འགོད་པ་ཚོ་སྤྱི་ཚོགས་ཀྱི་རྒྱུག་ཁྱི་རེད་”ཅེས་བཤད་པ་ལྟར། ང་གསར་འགྱུར་ལས་རིགས་ཀྱི་མི་སྣ་ཞིག་ཏུ་གྱུར་ཉིན་ནས་ངས་ང་སྤྱི་ཚོགས་ཀྱི་གཡོག་པོ་ཡིན་པ་ཤེས་ཡོད། འོན་ཀྱང་། ང་ཚོའི་མཁས་པ་སྔ་མ་ཚོའི་ངག་རྒྱུན་དུ“་གང་ལ་དགའ་བ་དེ་ལ་མཁས་ནི་རེད་”ཅེས་བཤད་པ་ལྟར། ང་གསར་འགྱུར་ལས་རིགས་འདིར་ཅི་ཙམ་དགའ་བ་དེའི་ཚོད་ཀྱིས་ལས་རིགས་འདིའི་སྒང་ལ་ང་མཁས་པ་ཡིན། འཇོན་ཐང་ཡོད་ཅེས་བཤད་ཀྱི་མེད་ཀྱང་། ང་རང་ཆེས་དགའ་སའི་རིགས་ཚན་བྱེ་བྲག་པའི་ལས་རིགས་འདི་བསྒྲུབ་རྒྱུར་ང་ཡར་རྒྱུག་མར་རྒྱུག་དང་། ཡར་འདང་མར་འདང་གི་དཀའ་ལས་ཅི་ཙམ་རྒྱག་དགོས་བྱུང་རུང་། ང་ལ་ནམ་ཡང་དཀའ་སྣང་དང་ཉོབ་སྣང་ཡོང་གི་མེད།
རྒྱུ་མཚན་ནི། ལས་རིགས་འདིའི་ངོ་བོ་ཆེས་རྙོག་འཛིང་ཆེ་བ་ཡིན་པ་མ་ཟད། ལས་རིགས་འདིའི་སྒྱུ་རྩལ་གྱི་འཚོལ་སྙེག་ཀློང་ནས་ཁྱེད་སུ་ལ་ཡང་བཀྱེད་མི་རུང་བ་དང་། ལས་རིགས་འདི་བསྒྲུབ་ས་ནས་ཁྱེད་ནམ་ཡང་བདེན་པ་དང་དྲང་པོའི་ལམ་ནས་བཟུར་མི་རུང་བའི་རྐྱེན་གྱིས་རེད། ཡང་གཅིག་བཤད་ན་ལས་རིགས་འདིའི་བྱེད་སྒོ་དང་ངའི་སྒྱུ་རྩལ་འཚོལ་སྙེག་གི་བསམ་བློའི་བར་ཆེས་མཐུན་ས་དང་ཉེ་ས་མང་བས་ཀྱང་རེད། རེད། རིགས་ཚན་བྱེ་བྲག་པ་འདིའི་ལས་ཀའི་དུས་ཡུན་དང་ངོ་བོ་གཉིས་ཀྱི་ཆ་ནས་ལས་རིོགས་གཞན་དང་མི་འདྲ་ས་མང་ནི་རེད།
དེས་རྐྱེན་གྱིས། དེ་རིང་ཡང་གསར་འགྱུར་དེ་ཙམ་མེད་པའི་དུས་ཚོད་ཅིག་དང་ཁེལ་ཡོད་སྟབས། དྲ་ཐོག་ཏུ་འདོད་པ་ཁེངས་པའི་གསར་གནས་ཤིག་སྤེལ་རྒྱུ་རག་མ་སོང་བས། ནམ་རྒྱུན་རྩོམ་སྒྲིག་པ་དང་གསར་འགོད་པས་ཨ་མ་ཞིག་གིས་སོ་སོའི་བྱིས་པ་གསོ་གསོས་ཁ་ལག་སྤྲད་བཞིན་པའི་དྲ་ཚིགས་ཀྱིས། བྱིས་པ་ལངས་ཤོར་ཞིག་དང་འདྲ་བར། གསར་ཁང་གི་རྩོམ་སྒྲིག་པ་དང་གསར་འགོད་པའི་གདོང་པར་ངམ་ནག་ནག་གིས་བལྟ་གི་མེད་འགྲོ་བསམ་པའི་དངངས་སྐྲག་ཅིག་གིས། སེམས་པ་ཅུང་མི་བདེ་བའི་ཚོར་སྣང་ཞིག་དང་མཉམ་དུ། ནམ་རྒྱུན་བལྟ་ཀློག་བྱེད་སའི་དྲ་ཚིགས་ཚང་མའི་སྒོ་ཕྱེས་ཏེ་སོ་ཉུལ་ཐེངས་གཅིག་བྱས་ཀྱང་། དྲ་ཚིགས་དེ་དག་དུ་ཡང་གསར་གནས་དམིགས་བསལ་བ་ཞིག་གང་ཡང་མཐོང་རྒྱུ་མི་འདུག མ་གཞི་ནས་མི་མང་པོ་ཞིག་གིས་ཤེས་ཀྱི་མེད་ན་ཡང་ཐང་། གསར་ཁང་ཞིག་གི་ལས་ཀའི་ངོ་བོའི་ཐོག་ནས་བཤད་ན། འདི་ལྟ་བུའི་དུས་ཚོད་མང་གི དེ་བས་དེ་རིང་དམིགས་བསལ་གྱི་ལས་ཀ་མེད་པའི་དུས་ཚོད་འདི་སྤྱད་དེ་རྩོམ་ཐུང་འདི་བྲིས་པ་ཡིན།
ཡང་ཕྱོགས་གཞན་ཞིག་ནས་ལས་རིགས་གཞན་དག་གི་ལས་སྣེ་བ་ཚོ་ལྷོད་ལྷོད་ཀྱིས་བསྡད་ཡོད་དུས། གསར་འགོད་པ་ཚོ་ཞོགས་པ་ནས་གསར་གནས་ཐུང་ཐུང་རེའི་ཆེད་ཡར་གྱི་རི་དང་། མར་གྱི་ཐུར་བྱས་ནས་འདུར་དགོས་བྱུང་གི་ཡོད་པ་དེ་ཡང་ཐེངས་གཅིག་གཉིས་རེ་མ་རེད་ལ། དགོང་མོ་ཕྱིར་གསར་ཁང་དུ་ཡོང་ནས་མགོ་རྔ་དང་ལྷུ་ལག་མ་ཚང་བའི་གནས་ཚུལ་དེ་དག་གི་ལྷུ་ལག་བསྒྲིགས་ཏེ། དགོང་མོའི་ཆུ་ཚོད་བཅུ་དང་བཅུ་གཅིག་བར་ལྷག་གི་ཡོད་པའི་དུས་ཚོད་ཀྱང་ཉུང་ཉུང་མ་རེད།
ད་དུང་གསར་འགོད་པ་ཚོས་གསར་འགྱུར་གྱི་སྒྲུང་ཐུང་རེའི་ཆེད་དུ་ཡར་རྒྱུག་མར་རྒྱུག་གིས། ཇུས་གཏོགས་ཆེ་མདོག་ཁག་པོས་སྒོ་ཚང་མར་བརྡུངས་ཏེ། གོང་གི་རྐུབ་སྟེགས་ན་ཡོད་པའི་མཐོ་རིམ་མི་སྣ་དང་། འོག་གི་སྲང་ལམ་དུ་འཁྱམ་བཞིན་པའི་མཐོ་དམན་གྱི་མི་ཚར་མར་ཐུག་ཏེ་གནས་ཚུལ་བསྡུ་ལེན་བྱེད་ཀྱི་ཡོད་པ་དང་། དེ་ལས་ཀྱང་དཀའ་ལས་དང་འགན་ལྕི་བ་གསར་འགྱུར་གྱི་སྒྲུང་གི་མགོ་རྔ་འཇོག་སྟངས་དང་། དངོས་ཡོད་ཀྱི་བྱུང་རབས་སོགས་ཀྱི་ཐད་དཀའ་ལས་ཅི་ཙམ་རྒྱག་གི་ཡོད་པའི་ཐད་ལ། གསར་འགྱུར་ཀློག་པ་པོ་དང་མང་ཚོགས་ཀྱི་ཁྲོད་ནས་བསམ་བློ་གཏོང་མཁན་དཀོན་པོ་རེད་ཅེས་བཤད་ན་ཐལ་དྲགས་ཡོད་རྒྱུ་མ་རེད། ཡིན་ན་ཡང་དེར་སྐྱོན་མི་འདུག ཀློག་མཁན་ཚོས་གནས་ཚུལ་དེ་དག་ཁྱེད་རང་དང་འབྲེལ་བ་ཡོད་པ་ངེས་པར་དུ་ཤེས་དགོས་ལ། གསར་འགོདཔ་ཚོ་ཁྱེད་རང་ཚོའི་ཉིན་རེའི་འཚོ་བའི་ཁྲོད་ཀྱི་ཞབས་ཞུ་བ་ཡིན་པ་དེ་བས་ཀྱང་ཤེས་དགོས། རྒྱུ་མཚན་ནི་གསར་འགོད་པས་ཉིན་རེ་བཞིན་དུ་ཁྱེད་དང་འབྲེལ་བའི་ལོ་རྒྱུས་དང་གནས་ཚུལ་དག་འབྲི་གི་ཡོད་པས་རེད།
རྩ་བས་གོང་དུ་བཤད་པ་ལྟར་གསར་འགོད་པ་ཚོ་སྤྱི་ཚོགས་ཀྱི་གཡོག་པོ་ཆགས་ཡོད་དུས། གསར་འགོད་པ་ཚང་མའི་ལས་འགན་གཅིག་པ་རེད། རང་ཉིད་གང་དུ་ཡོད་སའི་སྤྱི་ཚོགས་ཀྱི་གནས་སྟངས་ངོ་མ་དེ་མང་ཚོགས་ཀྱི་མིག་སྔོན་དུ་སྟོན་རྒྱུ་དེ་རེད། དེའི་རྐྱེན་པས་གསར་འགོད་པ་ཚོའི་ངོས་ནས་ཡིན་ན་ཡང་གཞན་ཟེར་གཡམ་རྒྱུག་དང་། རི་བོང་ཅལ་འདྲོགས་ལྟ་བུའི་འུར་གྱི་རྗེས་་འབྲངས་མ་ཡིན་པར། གནས་ལུགས་དང་བདེན་པ་ལ་ཁ་ཕྱོགས་ཏེ་ལས་ཀ་བྱེད་དགོས་པ་གལ་ཆེན་པོ་རེད་ཟེར་འདོད་པ་དེ་ཡིན།