ཨ་མ་ལགས། ངས་ཁྱེད་རང་དྲན།
སྙིང་གི་གུར་ཁང་རྩེན་པའི་ཨ་མ་ལགས།།
མིག་གི་ཟ་མེར་འཁྱུད་པའི་ཨ་མ་ལགས།།
རྒྱ་གར་བྱང་ཕྱོགས་ཧི་མ་ལ་ཡའི་འདབས།།
ཨ་མའི་གཅེས་ཕྲུག་སྙན་ངག་འབྲི་བཞིན་ཡོད།།
ང་ནི་ཁྱོད་ཀྱི་བྱིས་པ་བསྟན་སྐྱིད་ཡིན།།
ང་ནི་ཁྱོད་ཀྱི་བུ་ཕྲུག་རིན་ཆེན་ཡིན།།
ང་ནི་ཁྱོད་ཀྱི་སྙིང་མིག་སྲོག་གསུམ་ཡིན།།
དྲན་པའི་མེ་ལོང་ངོས་སུ་ཨི་འཆར་ལགས།།
ཡ་ཆུང་སེམས་ཀྱི་ཀློང་ན་འཛུམ་མདངས་ཤིག།།
དྲན་པའི་མིག་ཆུ་ཀློང་ན་དྭངས་གཙང་ཞིག།།
རེ་བའི་ཕུགས་བསམ་དཀྱིལ་ན་འོད་ཐིག་ཅིག།།
ཨ་མ་ནམ་དབྱངས་དཔལ་སྒྲོན་ཁྱོད་ཉིད་ཡིན།།
ལུས་འདི་མཐའ་མེད་ས་མཐའི་ཡུལ་ལ་འཁྱམ།།
སེམས་འདི་འཁོར་མེད་དྲིན་ལྡན་ཕྱོགས་སུ་འཁྲིལ།།
ལས་འདི་དཀོན་མཆོག་ལྷ་ཡིས་མི་བསྐོས་ཏེ།།
སྟབས་ཉེས་སྟེས་དབང་ཞིག་གིས་བསྣད་པ་འདྲ།།
འགའ་ཞིག་ཨ་ཕ་དྲན་ནས་སྡུག་བསྔལ་བྱེད།།
འགའ་ཞིག་ཨ་མ་དྲན་ནས་ཡུས་ཆེན་བཤད།།
ང་ནི་རྒྱུན་དུ་ཨ་ཕ་དྲན་ཆེ་ཡང་།།
དེ་རིང་ཨ་མ་དྲན་ནས་བཟོད་བླག་བྲལ།།
ཚུར་ལ་བྱམས་ཤིང་བརྩེ་བའི་མེ་ཏོག་དང་།།
ཕར་ལ་གུས་ཤིང་བཀུར་བའི་གཡུ་སྦྲང་ནི།།
ཆུ་ལ་བཞག་པའི་ཆུ་བཞིན་གཅིག་འདྲེས་ནས།།
སྙིང་ཁོང་རུས་པའི་གཏིང་ན་ཉར་བསྡད་ཡོད།།
ཆུང་གྲོགས་བརྩེ་བའི་སྲིད་བུ་ཉམ་རེ་ཆུང་།།
མགོན་སྐྱོབས་ལྷ་ཚོགས་རྣམས་ནི་དགོད་རེ་བྲོ།།
འདི་ན་ལྷ་འདྲེས་གླགས་ཙམ་མི་འཁེལ་བའི།།
ཨ་མའི་ཐུགས་རྗེ་བྱིན་རླབས་ལྟེམ་གྱིས་འཁྱིལ།།
མཁས་བླུན་སྐྱིད་སྡུག་གང་ཞིག་ཆགས་ན་ཡང་།།
མཐོ་དམན་འདྲ་འདྲ་གང་གིས་གཙེས་ན་ཡང་།།
ཟུར་གསུམ་སྙིང་གི་ཀློང་ནས་སྐད་ཅིག་ཙམ།།
མི་འབྲལ་འགྲོགས་པའི་ཨ་མ་ཁྱོད་ཉིད་ཡིན།།
རྣམ་ཀུན་ང་ལ་སེམས་ཁྲལ་མ་བྱེད་རོགས།།
སངས་རྒྱས་བྱང་སེམས་གྲལ་དུ་མ་འཇོག་རོགས།།
ཕྱི་མའི་རྣམ་ཤེས་ང་ལ་མ་བཅོལ་རོགས།།
མི་འགྲུབ་ལས་འདིས་ང་ལ་སྡུག་བསྔལ་ཆེ།།
སྦྱོང་གིས་བྲག་ལ་བརྐོས་པའི་རི་མོ་བཞིན།།
སྲིད་པ་ས་ལ་ཆགས་པའི་གངས་རི་བཞིན།།
གནམ་སའི་བར་ལག་གྱེས་པའི་ལྟོས་བཅས་བཞིན།།
མི་འགྱུར་ཨ་མའི་བཀའ་དྲིན་སྙིང་ལ་འཆང་།།
མ་ནི་ཕན་བདེ་འབྱུང་བའི་ས་བོན་སྟེ།།
མ་ནི་དགོས་འདོད་སྟེར་བའི་གནོད་སྦྱིན་སྟེ།།
སྲིད་ཞི་འཁོར་འདས་གང་ལ་འབྱར་ན་ཡང་།།
དགེ་ལེགས་མ་ལུས་སྡུད་པོ་འདི་ཉིད་ཡིན།།
བྱམས་བརྩེའི་མེ་ཏོག་མ་ཡི་ལང་ཚོ་ཡིན།།
ལྷད་མེད་ལྷག་བསམ་མ་ཡི་གཤིས་ཀ་ཡིན།།
དྲི་མེད་དྭངས་ཤིང་གཙང་བའི་རི་བོ་ལས།།
འབབ་པའི་ཡན་ལག་བརྒྱད་ལྡན་ཨ་མ་ཡིན།།
ངོས་ལྐོག་མེད་པའི་དུངས་ཞེན་མ་ལ་ཡོད།།
གསལ་སྒྲིབ་མེད་པའི་བརྩེ་སེམས་མ་ལ་ཡོད།།
འཇིག་རྟེན་སྲིད་པའི་འདམ་རྫབ་སྟུག་པོ་ན།།
དྲི་བྲལ་པདྨ་དཀར་པོ་ཨ་མ་ཡིན།།
མ་བཅོས་ཀུན་ལ་ཨ་མའི་བྱད་བཞིན་འཆར།།
བཅོས་མའི་བློ་ཡིས་བསླད་པ་ག་ལ་ཡིན།།
ཡུལ་དང་དུས་ཀྱི་བསྐལ་པ་དེ་ལ་མེད།།
སེམས་དང་བསམ་པའི་དྲན་ཤིང་ཅི་ལ་མིན།།
ལུས་ངག་ཡིད་ཀྱི་དཔལ་ཡོན་དེ་ལས་མཆེད།།
ཤེས་རིག་ནོར་བུའི་ཞག་རྩི་དེ་ལས་འགོས།།
གསེར་གྱི་རི་ལ་གནས་ན་གསེར་འགྱུར་བའི།།
གཏམ་དེ་འཐུར་མེད་རྟ་རྒོད་ཁྲོས་མ་འདྲ།།
དུང་དཀར་གཡས་འཁྱིལ་ལྟ་བུའི་ཨ་མ་ལ།།
དྲིན་ཤེས་ནོར་བུའི་རྒྱན་ཞིག་ཅིས་མི་འདོགས།།
གཙང་མའི་སྒྲོམ་དང་མཆོད་པའི་སྟེགས་བུ་ལ།།
གུས་ཤིང་འདུད་ན་སུ་དང་གང་གིས་བསྙོན།།
ཟླ་འོད་གཞོན་ནུ་ལྟ་བུའི་ཨ་མ་ལ།།
དུངས་སེམས་ཀུན་དའི་འདབ་བརྒྱ་ཅིས་མི་གྲོལ།།
མཛའ་ཞིང་བརྩེ་བའི་ཟིལ་དངར་ཕུང་པོ་དང་།།
མཆོད་ཅིང་བསྙེན་ན་ལུགས་གཉིས་གང་གིས་སྨོད།།
མཐའ་བྲལ་ཆོས་དབྱིངས་ནམ་མཁའི་དཀྱིལ་འཁོར་ནས།།
གནས་ལུགས་རྗེན་ཞལ་མཇལ་བའི་བླ་མ་རྗེས།།
བྱིན་རླབས་བདུད་རྩི་ཟིལ་མའི་ཐིག་པ་རེས།།
བྱམས་ལྡན་ཨ་མ་བདེ་ནས་བདེ་བར་དྲོངས།།
༢༠༡༢།༡༢།༥།ཨ་མ་ནམ་དབྱངས་དཔལ་སྒྲོན་དྲན་ནས་བཟོད་བླག་མེད་པ་ཞིག་བྱུང་བས། སཱ་ར་བོད་ཀྱི་མཐོ་སློབ་ནས་ཤར་མར་བྲིས་སོ།།