ཁུ་སིམ་སིམ་གྱི་སྙན་ངག
སྒྱུ་འཕྲུལ་བཞེངས་པའི་དུས་དྲན་མེ་ལོང་ཕྱིར་ཞིང་སེམས་ཀྱིས་འདི་ལྟར་མྱོང་།།
རླབས་ཀྱིས་བདས་པའི་མྱོང་ཚོར་དམར་པོ་བན་བུན་བློ་ལ་འདི་ལྟར་འཆར།།
ཞག་དང་ཟ་མ་མཛུབ་མོ་བགྲང་བཞིན་ཁེར་རྐྱང་ཆིག་ལབ་འདི་ལྟར་བྱས།།
དྲན་པའི་གཞུ་མོ་ནང་དུ་བཀུག་བཞིན་མིག་ཟུང་ཁྱོད་ལ་འདི་ལྟར་ཅེར།།
མི་ཚོགས་གསེབ་ནས་འཛུམ་མདངས་མ་ཕོད་ངུར་སྨྲིག་གོས་ལ་ཚིག་པ་ཟ།།
ཁེེར་རྐྱང་ཕྲད་དུས་ལབ་གླེང་མ་ཕོད་ཉམས་ཆུང་གཤིས་ལ་ཞེ་སྡང་ལང་།།
ཟ་ཞོར་འཐུང་ཞོར་སྐྱར་ལྡབ་བྱས་པའི་གློག་བརྙན་དེ་ནི་རྙོགས་འཛིང་རྒོད།།
སྐྱུར་མོའི་བྲོ་བ་མྱོང་གིན་མྱོང་གིན་རྒྱུད་མང་དབྱངས་ཀྱི་རྟ་ལ་དྲངས།།
ཁྱོད་ཀྱིས་རྨས་པའི་སེམས་ཁམས་འདི་ཉིད་ཉིན་བཞིན་ཇེ་ཞེན་ཇེ་ལུད་རེད།།
ཡུན་གྱིས་གཙེས་པའི་གདུང་ཡུས་ཁུར་པོ་ཉིན་བཞིན་ཇེ་ཆེ་ཇེ་ལྕི་རེད།།
གཟར་མོའི་བྲག་ལ་ལྐོག་ལྟ་བྱས་ཞོར་མིག་ཆུའི་རྡོག་པོ་ཐ་ར་ར།།
བསྐྱོམས་མོའི་མཚོ་ལ་སྟོང་བསམ་འཆར་ཞོར་ངུ་ངག་དབྱངས་ཆུང་ང་ར་ར།།
མཚམས་སྤྲིན་བུ་མོ་ནུབ་ནས་མཐོང་དུས་འདུན་པའི་རྩེ་མོ་ཤར་ལ་ཟུག།།
ཟླ་འོད་གཞོན་ནུ་མཁའ་ལ་ཆས་དུས་སྙན་ངག་རྩིག་པའི་ལོགས་ལ་བྲིས།།
ཆུ་འཛིན་གསར་པ་ལང་ལོང་བསྙེགས་དུས་སྦྲང་ཆར་ཟིལ་མ་སྙིང་ལ་ཐིམ།།
ལག་པའི་དོམ་ར་སྨིན་མར་སྦྱར་ནས་སྨོན་ལམ་དྲི་བཞོན་རླུང་ལ་བསྐུར་།།
རྩམ་སྐྱ་པར་གང་མེ་ལ་བཏབས་ནས་བསུར་དུད་དྲི་མ་སྣོམ་གྱིན་ཡོད།།
འབྲི་མར་སེར་པོ་ཇ་ལ་བསྲེས་ནས་དམར་ཆུང་ལྕེ་ཡིས་མྱོང་གིན་ཡོད།།
རྒུན་ཆང་བསིལ་མ་ཧོབ་གསུམ་བཏུང་ནས་ཐོད་པའི་དྲོད་ཚད་ཉུལ་གྱིན་ཡོད།།
ཚུལ་གསུམ་རྟགས་ཀྱི་གཏན་ཚིགས་བཀོད་ནས་དྲན་པའི་རྡོ་རིང་བཞེངས་ཀྱིན་ཡོད།།
མཛེས་དཔྱོད་གཤོག་སྒྲོ་མཁའ་ལ་བརྐྱངས་པའི་མཐོ་རིམ་སློབ་མའི་ཟུར་ཞིག་ན།།
མངོན་མཐོའི་དཀྱོག་མཚམས་རྣོ་ངར་ཆེ་བའི་གཞོན་ནུ་ཕོ་མོའི་གསེང་ཞིག་ན།།
དུང་སེམས་ནང་གི་ཨུཏྤལ་སྔོན་པོ་དྲི་བསུང་རླུང་གིས་བསྐྱོད་དུས་ན།།
མགོ་བོ་དགྱེ་ཙམ་དགྱེ་ཙམ་བྱེད་བཞིན་ཁྱོད་ཀྱི་ཕྱོགས་ལ་བལྟས་བསྡད་ཡོད།།
འཁྲི་ཤིང་ལོ་མའི་དྲི་ངད་འདི་ཡང་ཁྱོད་ཀྱི་དྲི་བསུང་འདྲ་བ་ལ།།
ཆུ་སྐྱེས་པདྨའི་མཚར་སྡུག་འདི་ཡང་ཁྱོད་དང་མཚུངས་ཆོས་མང་བ་ལ།།
དཔྱིད་ཀྱི་ཕོ་ཉའི་དབྱངས་སྙན་འདི་ཡང་ཁྱོད་ཀྱི་དབྱངས་དང་གཅིག་པ་ལ།།
ཡིད་འོང་སྤུངས་པའི་མིག་གི་བདུད་རྩི་སུ་དང་གང་གི་བགོ་སྐལ་ཡིན།།
ཟླ་གྲངས་ཞག་བཅད་རྫོགས་པ་མིན་ཡང་བརྩེ་དུང་ས་བོན་སྦྲུམ་ནས་ཡོད།།
ཟ་ཟིའི་སྙིང་གཏམ་བཤད་པ་མིན་ཡང་དུང་ཞེན་བྲོ་བ་འཐུལ་ནས་ཡོད།།
མི་ཚེ་བསྐྱལ་བའི་ཁ་དན་མེད་ཀྱང་དུང་ཞེན་ལྡེམ་ལྡེམ་འཁྱུག་ནས་ཡོད།།
འགུལ་སྐྱོད་སྐྱེན་པའི་རྣམ་ཤེས་ཕྲ་མོས་ཁྱོད་ལ་ལྡིང་སྐོར་བྱེད་བཞིན་ཡོད།།
ཨ་སྔོན་ནམ་མཁའི་དཀྱིལ་འཁོར་གཤག་ནས་མིག་ཆུས་ཁྱོད་ལ་བྲན་ན་འདོད།།
སྲིད་པའི་གངས་རྒན་གསོན་པགས་བཤུ་ནས་སེམས་ཀྱི་འཁྱག་རོམ་བཅིལ་ན་དྲན།།
སྒྱུ་མའི་ཁུགས་སོ་སེན་མོས་བརྟོལ་ནས་རྐང་འཁྲབ་ལག་འཁྲབ་བྱེད་སྙིང་འདོད།།
ཁྱོད་ཀྱི་ཆེད་དུ་དཀའ་ཐུབ་མི་བྱ་ཤེད་ཅན་འཁྱོར་འགྲོས་བྱེད་ན་འདོད།།
རྒྱ་གར་ཚ་དྲོད་ཆེ་རབས་གླེང་ཡང་ངའི་སེམས་འཁྱག་དཀར་དར་གྱིས་བསྡམ།།
ཡུལ་འདིར་ཆར་ཞོད་འབེལ་རབས་བཤད་ཀྱང་ཡིད་ཀྱི་ཆུ་བོ་སྐམ་ཞིང་འཐག།།
ཚུལ་འཆོས་བརྫུ་བག་ཇི་ཙམ་བཟུང་ཡང་མི་ཁའི་དར་ལྕོག་ཡ་ལ་ལ།།
ལག་རྒྱབ་འདི་ན་རློན་ཐིག་ཡོད་ཚད་མིག་ཆུ་ཕྱིས་པའི་རྗེས་སྣེ་རེད།།
སྲིད་པའི་གྲོང་ན་སྡུག་བསྔལ་མང་ཞིང་སྡུག་བསྔལ་རེ་ལ་རྐྱེན་སོ་རེ།།
རྐྱེན་སོ་རེ་ལ་ནོར་འཛོལ་རེ་རེ་ཟབ་མོའི་གཏེར་ཁ་ཡོད་ཚོད་རེད།།
འོན་ཀྱང་ཁོ་བོས་ཁྱེད་ལ་འཁྲེན་པའི་དུང་ཞེན་དུང་གི་ཟླ་བ་འདི།།
ར་རི་བྲལ་ཞིང་ཁ་ཁོག་གཉིས་མེད་ཞི་བསིལ་སེམས་ཀྱི་བདུད་རྩི་ཡིན།།
ཁ་རྩང་འཛིན་ཁང་སྣེ་ནས་མཐོང་བས་གུང་ཟས་ཡི་ག་རྦད་དེ་ཆད།།
ད་ནང་ཇ་ཁང་འགྲམས་ནས་ཐུག་པས་བག་ལེབ་བལྡད་ཀྱང་མ་ཆོད་ཐལ།།
ད་ལྟ་སེམས་ཀྱི་ཚོར་འདུ་ཟབ་མོས་དགོང་ཟས་ཟ་འདོད་ཡེ་ནས་བྲལ།།
ཁྱོད་ནི་སེམས་ཀྱི་རོ་བརྒྱ་ཡིན་ལ་ཁྱོད་ནི་ལུས་ཀྱི་ཟ་འོག་ཡིན།།
ལང་ལོང་སྤྲིན་པ་འཁྲིགས་སྟངས་ཤིག་གིས་ཉི་ཟླའི་འོད་ཞགས་ནང་ལ་བསྐུམ།།
ལང་ཚོའི་འཇོ་སྒེག་ངོམ་སྟངས་ཤིག་གིས་རྣམ་རྟོག་དུད་སྤྲིན་ཁོག་ན་ལྡིང་།།
ཞེ་མཐུན་མཛའ་གྲོགས་འཚོལ་སྟངས་ཤིག་གིས་གདུང་ཡུས་མུན་པ་ནང་ལ་འཐིབ།།
ཡ་ཆུང་སེམས་འདི་འཛུམ་སྟངས་ཤིག་གིས་ད་དུང་ཕྱི་མིག་ཁྱོད་ལ་འཁོར།།
ས་སྒང་འདི་ན་ཁོ་བོ་འབྱོར་བའི་སྙན་ངག་གླེགས་བམ་ཡིན་ཡང་སྲིད།།
གཤིན་ཡུལ་འགྲིམ་པའི་སྣ་འདྲེན་རྒྱབ་སྣོན་ལས་མཁན་སྤྲུལ་པ་ཡིན་ཡང་སྲིད།།
སྟབས་དང་སྟེས་དབང་བཤད་ན་མི་འགྲིག་ལས་དང་སྨོན་ལམ་ཟབ་མོ་འདིས།།
ཚུ་རོལ་འཁོར་བའི་གྲོང་ནས་རྙེད་པའི་ཡ་ཆུང་སེམས་ཀྱི་རྡོག་རྡོག་མ།།
ཁྱོད་རང་མ་མཐོང་ཉིན་མོ་དེ་ལ་ལྗོན་ཤིང་འདབ་ལོ་རླུང་གིས་བཏོག།།
ཁྱོད་རང་མ་དྲན་སྐར་ཆ་དེ་ལ་དྲན་ཤེས་བྱིང་རྨུགས་རེ་ལྡེས་བཏུམ།།
ཁྱོད་རང་མིན་པ་གླེང་མོལ་དེ་ཡིས་རོ་སྟོད་སྙིང་རླུང་གཟེར་གྱིས་ཁེངས།།
ཉམས་དང་སྒྱུ་རྩལ་ཡོད་ཚད་ཕྱུངས་ནས་སྙན་ངག་ཁྱོད་ལ་འབྲི་སྙིང་འདོད།།
མཚོ་མོའི་གཏིང་རོམ་རྐྱལ་ནས་འགྲོ་ཞིང་དུངས་བ་ཟབ་ཅེས་བཤད་སྙིང་འདོད།།
གཙང་པོའི་རླབས་ཀྱི་གདེང་ཀར་བཞོན་ནས་ཕྱི་ཐག་རིང་ཞེས་མོལ་སྙིང་འདོད།།
ཁྲུང་ཁྲུང་བཟའ་ཚོའི་གམ་དུ་བཅར་ནས་དྭངས་གཙང་ལྷད་མེད་བགྲོ་སྙིང་འདོད།།
གསེང་ལམ་ཕྲ་མོའི་ཕར་ནང་དེ་ནས་དམར་ཆུང་སྙིང་འདི་བསྟན་སྙིང་འདོད།།
ཁྱར་ཁྱོར་གོམ་ཁ་ནང་ལ་ཕྱོགས་ཤིང་ཕྱི་མིག་མདའ་མོ་ཁྱོད་ལ་བསྲིང་།།
ཀར་ཀོར་ལས་ཤིག་ཡོད་མདོག་བྱས་ཏེ་ལྡུམ་རྭའི་ཟུར་ནས་ཁྱོད་ལ་བལྟས།།
ཙག་ཙིག་དངོས་པོ་བསྒྲུགས་ཁུལ་བྱེད་བཞིན་ཡལ་གའི་བར་ནས་ཁྱོད་ཉིད་བཙལ།།
ད་དུང་སུ་ཞིག་འཚོལ་བཞིན་ཡོད་མིན་ཁྱོད་ཀྱིས་ཤེས་ཀྱི་མེད་མདོག་ལ།།
སེམས་ཁོང་དོག་པའི་ཉོབ་སྣང་དེ་ཡིས་ནག་ཆུང་ཡི་གེར་བཞི་ཤད་འཐེན།།
མི་ཁའི་འདྲེ་མོའི་བཤད་ཡམ་དེ་ཡིས་སྙན་ངག་ལྷ་མོ་རུམ་ལ་བཙུད།།
སྔ་མའི་རྐང་ལམ་ཕྲ་མོ་དེད་ཀྱིན་སུག་རྗེས་ཁྱོད་ཀྱི་མདུན་ལ་བཞག།།
མ་མཐོང་ཟོལ་དང་མ་ཤེས་མདོག་ཅིག་ད་དུང་གནང་ན་འཕྱིས་ནས་སོང་།།
༢༠༡༢།༡༡།༢༨།སཱ་ར་བོད་ཀྱི་མཐོ་སློབ་ཁང་དུ་སྦྱར།