༸རྗེ་བླ་མ་རྗེས་སུ་དྲན་པ།
བོད་ཁམས་ནོར་འཛིན་ཐིག་ལེ་ཙོང་ཁ་རུ།།
སྐུ་ཡི་ཆུ་སྐྱེས་མཚན་དཔེ་རབ་ཏུ་བཞད།།
དབུས་ཕྱོགས་དམ་པ་ཆོས་ཀྱི་ཞིང་ས་ནས།།
མདོ་སྔགས་ཤེས་བྱའི་མེ་ཏོག་མགུལ་ལ་བཞེས།།
ཁམས་གསུམ་འགྲོ་བའི་མགོན་པོ་ཙོང་ཁ་པས།།
བདག་སོགས་རྨོངས་པའི་དགྲ་ལས་རྒྱས་པར་མཛོད།།
འཁོར་འདས་ཆོས་ཉིད་རྟེན་འབྱུང་གཤིས་སུ་གཟིགས།།
རླབས་ཆེན་བྱང་སེམས་ཐུགས་ཀྱི་མཁའ་ན་མཛེས།།
རྒྱལ་བའི་བཀའ་ཡི་དགོངས་པ་ཟབ་མོ་རྣམས།།
འགྲེལ་ལ་ཟླ་བྲལ་ཀླུ་བསྒྲུབ་ཉིད་དང་མཚུངས།།
ཁམས་གསུམ་འགྲོ་བའི་མགོན་པོ་ཙོང་ཁ་པའི།།
ཡང་དག་བསྟན་པའི་ལམ་དང་རྟག་མཇལ་ཤོག
འགྲོ་བའི་གཏི་མུག་སེལ་བའི་བློ་གྲོས་ཡངས།།
གདམས་བཟང་གསུང་གི་འཕྲིན་ལས་ཕྱོགས་ཀུན་ཁྱབ།།
སྙན་པའི་གྲགས་པས་ཉིན་བྱེད་འོད་ཀྱང་གནོན།།
འཕགས་བོད་མཁས་པའི་དབུས་ན་ཟླ་བཞིན་མཛེས།།
ཁམས་གསུམ་འགྲོ་བའི་བླ་མ་ཙོང་ཁ་པས།།
ཚེ་རབས་ཀུན་ཏུ་ཐུགས་རྗེས་འཛིན་པར་མཛོད།།
ཅེས་འཕགས་ཡུལ་འབྲས་སྤུངས་ཆོས་སྒར་ནས་དགེ་ལྡན་ལྔ་མཆོད་ཉིན་བྲིས་པ་དགེའོ།