སློབ་མ་བརྒྱད་ལ་ལོ་ལྔ་རེའི་དུས་བཀག་ཁྲིམས་ཆད།
མདོ་སྨད་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆབ་ཆ་གྲོང་རྡལ་གྱི་མངའ་ཁོངས་སུ་ཡོད་པའི་གསོ་རིག་སློབ་གླིང་གི་སློབ་མ་བརྒྱད་ལ་རྒྱ་ནག་གཞུང་གིས་ལོ་ལྔ་རེའི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
དེ་ཡང་ཚེས་༩ མཚན་མོ་སུད་སི་རྒྱལ་ཁབ་ཏུ་གནས་སྡོད་ཤ་བོའི་རྡོ་རྗེ་ལ་skype བརྒྱུད་གནས་འདྲི་བྱས་པར། ཁོང་གིས་འགྲེལ་བརྗོད་གནང་དོན། ཕྱི་ཟླ་༡༡ ཚེས་༢༦ ཉིན་མདོ་སྨད་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆབ་ཆ་གྲོང་རྡལ་གྱི་མངའ་ཁོངས་སུ་ཡོད་པའི་གསོ་རིག་སློབ་གླིང་གི་སློབ་མ་ཚོས། རྒྱ་ནག་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་གྱིས་མཚོ་ལྷོ་རྫོང་བསྐོར་ནས་ཁྲོམ་བསྐོར་བྱས་པར། རྒྱ་ནག་གཞུང་གིས་སློབ་མར་དྲག་རྡུང་བྱས་ཏེ། སློབ་མ་མང་པོར་རྨས་སྐྱོན་བྱུང་བ་མ་ཟད། ཟླ་འདིའི་ཚེས་༥ གཟའ་ལྷག་པའི་ཉིན་སློབ་མ་རབ་བརྟན་དང་། དབང་འདུས་ཚེ་རིང་། བྱམས་པ་ཚེ་རིང་། ཆོས་སྐྱོང་། བཀྲ་ཤིས་ཀུན་བཟང་། རྡོ་ལ་ཚེ་རིང་། སངས་རྒྱས་དོན་གྲུབ། ཀུན་བཟང་འབུམ་བཅས་ལ་རྒྱ་གཞུང་གིས་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། སློབ་མ་ཚང་མ་རང་ལོ་༢༣ གྱི་འོག་ཏུ་ཡོད་འདུག །
http://www.tibetexpress.net/bo/home/2010-02-04-05-37-19/9718-2012-11-26-08-10-00
