རྒྱ་གཞུང་གིས་དགེ་འདུན་པ་གསུམ་འཇུ་བཟུང་བཙན་ཁྲིད།

songrab_tsouཉེ་སྔོན་མཚོ་ཁུལ་གྱི་སློབ་མས་རྒྱ་གཞུང་ལ་ངོ་རྒོལ་པའི་པར་རིས་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག  ཁུལ་དེའི་གསེར་ཆེན་རྫོང་ཨིར་རྟི་ཡུལ་ཚོའི་འཁྱམས་རུ་དགོན་པའི་དགེ་འདུན་པ་གསུང་རབ་རྒྱ་མཚོ་དང་། གྲགས་བཟང་། ཡེ་ཤེས་བཟང་བཟང་པ་བཅས་སྔ་ཕྱིར་རྒྱ་གཞུང་གིས་འཇུ་བཟུང་བཙན་འཁྲིད་བྱས་ཡོད་འདུག

སྐབས་དེར་དམག་མིས་རླངས་འཁོར་ཆེ་བ་བཅུ་དང་འཇེབ་འཁོར་ཆུང་བ་ཁ་ཤས་བཅས་དགོན་པའི་ཉེ་འདབས་སུ་ཡོང་སྟེ་རྔམས་རྫིག་འཇིགས་སྐུལ་བྱས་འདུག་ལ།  གྲྭ་གསུང་རབ་རྒྱ་མཚོ་ནི་ད་ལྟ་རང་ལོ་༣༨ ཡིན་ཞིང་། ཁོའི་ཕ་མིང་ལ་འཕགས་མོ་ཚེ་རིང་དང་། མ་མིང་ལ་ཀུན་བཟང་སྐྱིད་ཟེར་ཞིང་། བུ་མོ་སྤུན་༣ དང་བུ་སྤུན་༡ བཅས་ཡོད།

songrab_tsou

ཕྱི་ཟླ་༡༡ ཚེས་༡༨ ཉིན་ཞིན་ཧེ་རྫོང་ཐོག་ནས་ཟི་ལིང་དུ་དཔེ་ཆ་ཞིག་པར་སྐྲུན་བྱེད་པར་སོང་བའི་ལམ་བར་དུ་མཚོ་ལྷོ་ཁུལ་གྱི་སྲིད་འཛིན་ལྟེ་གནས་གྲོང་ཁྱེར་ཆབ་ཆའི་ཉེན་རྟོག་དམག་མིས་རྗེས་འདེད་ཀྱིས་ཟི་ལིང་ནས་ཁོས་ཅི་ཞིག་བྱེད་དགོས་ཡོད་མེད་རྟོག་ཞིབ་བྱས་རྗེས་ཟླ་འདིའི་ཕྱི་ཚེས་  ༡ ཉིན་ཆབ་ཆའི་ཉེན་རྟོག་དམག་མིས་ཁོ་འཇུ་བཟུང་བཙན་ཁྲིད་བྱས་ཡོད་པ་དང་། ཕྱི་ཚེས་ ༣ ཉིན་ཉེན་རྟོག་དམག་མི་དགོན་པར་འབྱོར་སྟེ་གྲྭ་བཟང་གྲགས་དང་ཡེ་ཤེས་བཟང་པོ་གཉིས་འཇུ་བཟུང་བཙན་ཁྲིད་བྱས་ཡོད་འདུག

དགོན་པའི་གྲྭ་བཙུན་བརྒྱ་ཕྲག་ཅིག་འདུ་འཛོམས་ཐོག་དགོན་པ་ནས་ཕྱིར་ཐོན་ཏེ་རྒྱ་གཞུང་གི་གོང་རིམ་སྡེ་ཁག་ལ་ཞུ་གཏུག་བྱེད་དུ་བསྐྱོད་ཡོད་ཀྱང་། ལམ་བར་ནས་ས་གནས་ཀྱི་ཆུ་རྔ་དང་གཡང་རོང་སྡེ་པའི་མང་ཚོགས་ཀྱིས་ཞུ་འབོད་བྱས་པར་བརྟེན་ནས། དགེ་འདུན་པ་རྣམས་ཕྱིར་དགོན་པའི་ནང་ལོག་ཡོད་འདུག ད་ལྟའི་ཆར་ཁོང་རྣམས་གར་ཡོད་གང་ཁྲིད་ཀྱི་གནས་སྟངས་གང་ཡང་ཤེས་ཐུབ་ཀྱི་མི་འདུག  གྲྭ་གསུང་རབ་ཀྱི་སྤུན་མཆེད་སྦེལ་རྗམ་དུ་གནས་སྡོད་དཔལ་ལྡན་གྱིས་གནས་ཚུལ་འགྲེལ་བརྗོད་གནང་སོང་།