བདག་གི་བླ་མ།

 

བདག་གི་བླ་མ།  འཇིག་རྟེན་གྱི་འདྲེན་མཆོག

རྟེན་འབྱུང་གི་ལྟ་བ་ཐུགས་ལ་མཛེས།།

འཚེ་མེད་ཀྱི་གདམས་པ་གསུང་ལ་མཛེས།།

ངུར་སྨྲིག་གི་ན་བཟའ་སྐུ་ལ་མཛེས།།

ཐུབ་བསྟན་གྱི་མཛེས་རྒྱན་༸གོང་ས་མཆོག།།

ཟླུམ་གཟུགས་ཀྱི་གོ་ལ་ཆེན་པོ་འདིར།།

ཆོས་ལུགས་ཀྱི་བླ་མ་མང་ན་ཡང་།།

སྐྱེས་རྒུ་ལ་ཞི་བདེ་སྐྲུན་པའི་གཉེན།།

གངས་ཅན་གྱི་མགོན་པོ་སྤྱན་རས་གཟིགས།།

 

ཚན་རྩལ་གྱི་བསྟན་པ་རྟས་པའི་དུས།།

རྫས་སྦྱོར་གྱི་མཁས་པ་མང་ན་ཡང་།།

སེམས་ཉིད་ཀྱི་གནད་ལུགས་ཀུན་མཁྱེན་མཁན།།

གངས་ཅན་གྱི་མགོན་པོ་སྤྱན་རས་གཟིགས།།

 

དམངས་གཙོ་དང་རང་དབང་འདྲ་མཉམ་ཞེས།།

ཆབ་སྲིད་ཀྱི་ལམ་སྟོན་མང་ན་ཡང་།།

དོན་དངོས་དང་མཐུན་པའི་ལམ་སྟོན་པ།།

མཉམ་མེད་ཀྱི་བླ་མ་༸གོང་ས་མཆོག།།

 

འཐབ་རྩོད་དང་དམག་འཁྲུག་ཞི་བའི་སླད།།

ཆིག་སྒྲིལ་གྱི་གཏམ་བཟང་སྒྲོག་དུས་འདིར།།

འགྲོ་བ་རྣམས་བྱམས་བརྩེས་སྐྱོང་བའི་གཉེན།།

ཆིག་སྒྲིལ་གྱི་བྱེད་པོ་༸གོང་ས་མཆོག།།

༸གོང་ས་མཆོག་གིས་འཛམ་གླིང་ཞི་བདེའི་གཟེངས་རྟགས་བཞེས་པའི་དུས་ཆེན་ལ་འཚམས་འདྲིའི་ཆེད་འཕགས་ཡུལ་འབྲས་སྤུངས་ཆོས་སྒར་དུ་བྲིས་པ་དགེའོ།།