ཉིན་འདིར་རྒྱ་ནག་གཞུང་ཚབ་སྒོ་རྒྱག་དགོས་བྱུང་འདུག

ཟླ་འདིའི་ཚེས་༡༠ ཉིན་འཛམ་གླིང་རྒྱལ་ཚོགས་ཀྱིས་ཡོངས་ཁྱབ་གནང་བའི་འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར། ཨ་རིའི་ཁེ་ལི་ཧྥོ་ནི་ཡའི་བོད་རིགས་སྤྱི་མཐུན་ཚོགས་པ་དང༌། སེན་ཧྥ་རེན་སི་ཀོ་གནས་གཞོན་ནུས་གོ་སྒྲིག་འོག ས་གནས་དེ་དག་གི་བོད་མི་༤༠༠ ལྷག་ཅིག་རྒྱ་ནག་གཞུང་ཚབ་སྒོ་ཁར་ཉིན་འཁྱོངས་རིང་ལག་ཏུ་བོད་ཀྱི་རྒྱལ་དར་དང་

ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་གསལ་སྟོན་གནང་བའི་འབོད་ཚིག་ལག་བྱང་བསྣམས་ཤིང༌། གཞུང་ཚབ་མདུན་དུ་བོད་མི་རང་ལུས་མེར་སྲེག་གནང་མཁན་རྣམས་ཀྱི་སྐུ་དཔར་ལོ་རྒྱུས་འཁོད་པའི་དཔར་སྒྲོམ་ཅན་གཤམ་སྟོན་གྱིས་རྔམ་སྟོན་གནང་ཞིང༌། ལས་འགུལ་གྱི་བརྒྱུད་རིམ་དེའི་ནང་དུ་རྒྱ་ནག་དམར་པོའི་དར་ཆ་མེར་སྲེག་གནང་བའི་མཚམས་སུ་རྒྱ་ནག་གཞུང་ཚབ་ཁང་སྒོ་བརྒྱབ་དགོས་པ་ཞིག་ཏུ་གྱུར་སོང༌།

སྐབས་དེར་Utah མངའ་སྡེའི་Salt lake གྲོང་ཁྱེར་ནས་ཕེབས་པའི་བོད་རིགས་སྤྱི་མཐུན་ཚོགས་པའི་རིག་གཞུང་འགན་འཛིན་སྐལ་བཟང་རྡོ་རྗེས་གསུངས་ན། ང་ཚོའི་ Utah ཁུལ་དུ་རྒྱུན་དུ་བོད་དོན་གནང་གི་ཡོད་ཀྱང༌། ཁུལ་དེར་རྒྱ་ནག་གཞུང་ཚབ་མེད་པས་རྐྱེན་གྱིས། ལས་འགུལ་དེ་དག་གསལ་སྤྲོད་ཡོང་གི་མི་འདུག ད་རེས་ཁུལ་འདིར་བཅར་དགོས་དོན་ནི། ཁུལ་དེའི་བོད་མི་ཚོས་བོད་ནང་གི་བོད་མི་ཚོར་ཁྱེད་ཚོས་རང་ལུས་མེར་སྲེག་གནང་བའི་སྐུ་སྲོག་དེ་རིན་ཐང་ཅན་ཞིག་ཡིན་པས། བློས་གཏོང་གནང་ན་འཕང་པོ་ཡིན་པའི་བརྡ་ལན་དེ་བོད་ནང་གི་བོད་མི་དང་རྒྱ་ནག་གཞུང་ལ་འཁྱོལ་ཐབས་སུ་དམིགས་པ་ཡིན་ཞེས་གསུངས་ཏེ། བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་ཀྱི་ཚོར་བ་འགྲེལ་བརྗོད་གནང་སོང༌།

དེ་མཚུངས་ལས་འགུལ་གོ་སྒྲིག་ཚོགས་ཆུང་ཁོངས་ནས་སེན་ཧྥ་རན་སི་ཀོ་ས་གནས་གཞོན་ནུའི་ཚོགས་གཙོ་བསྟན་འཛིན་རང་སྒྲོལ་ཀྱིས་གསུངས་ན། ད་ལྟ་བོད་ནང་གི་ཛ་དྲག་ཆེ་བའི་གནས་སྟངས་སྤྱི་དང༌། བྱེ་བྲག་ཏུ་དྷ་རམ་ས་ལ་ནས་བོད་མི་སྒྲིག་འཛུགས་ཀྱིས་འབོད་སྐུལ་ལྟར་ལས་འགུལ་འདི་གོ་སྒྲིག་གནང་བ་ཞིག་ཡིན་ཞེས་གསུངས་བ་ཕྱོགས་མཚུངས། རྒྱལ་ཚོགས་ཀྱིས་ད་བར་བོད་དོན་གྲོས་ཆོད་སྣོལ་འཇོག་གནང་བ་རྣམས་བོད་ནང་གི་བོད་མིའི་མངོན་འདོད་བཞིན་དུ་ལག་ལེན་དོན་ལ་འཁེལ་བའི་འབོད་སྐུལ་ཞུ་རྒྱུ་དང་བོད་འདི་འཛམ་གླིང་ཕྱི་ལ་སྒོ་ཕྱེ་དགོས་པའི་དགོས་འདུན་འདོན་སླད་དུ་དམིགས་པ་ཡིན་ཞེས་གསུངས་སོང༌།
ཕྱི་ཚེས་༨ ཉིན་ས་གནས་འདིར་བོད་ཀྱི་ཉིན་མོ་ཐེངས་ ༢༧ གོ་སྒྲིག་གནང་བ་བཞིན་དེའི་ཆེད་དུ་ཕེབས་པའི་སུད་སི་ནས་གནམ་གླིང་བློ་བསྟན་གྱིས་དུངས་སྒྲ་བཏང་སྟེ་བོད་ནང་དུ་བོད་མི་མང་པོས་སྐུ་སྲོག་བློས་གཏོང་གནང་བཞིན་པའི་བོད་མི་ཚོར་རྒྱབ་མཆོད་ཀྱི་རྣམ་པ་ཞིག་དང༌། དེའི་རྗེས་སུ་ཕ་ཡུལ་དྲན་གླུ་དང་ཀི་ཤར་བསྐྱོན་ཏེ་རྒྱ་ནག་གཞུང་ཚབ་སྒོ་ཁར་སྒྱུ་རྩལ་བ་ཞིག་གི་འབོད་སྒྲ་དེ་ཡང་བསྒྲགས་སོང༌།

ཆུ་ཚོད་༤ ཙམ་གྱི་ལས་འགུལ་དེའི་རིང་ལ་བོད་མི་ཚོས་ཨ་རིའི་ཕྱི་སྲིད་བློན་ཆེན་མཚན་འཁོད་ཞུ་སྙན་ཐོག་ལ་ས་རྟགས་བསྡུ་རུབ་ཞུས་ཤིང། དེ་མིན་ལས་འགུལ་གྱི་དུས་སྐབས་དེར་ལམ་བར་དུ་འགྲོ་བསྐྱོད་གནང་མཁན་མོ་ཊ་རྣམས་ཀྱིས་ཀི་སྒྲ་གློད་དེ་བོད་དོན་ལ་རྒྱབ་སྐྱོར་གྱི་རྣམ་པ་བསྟན་མཁན་ཡང་ཤིན་ཏུ་མང་པོ་མཐོང་ཐོས་བྱུང་ཞིང༌། མཐར་བོད་མི་ཚོས་མི་མང་ལངས་གླུ་དང་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དབྱངས་སུ་གྱེར་དེ་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སྲུང་བརྩི་ཞུས་ཤིང༌། དེ་མིན་བྱང་ཀེལ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་དུ་ཉིན་དེའི་ཕྱི་དྲོ་ ཆུ་ཚོད་ ༧ པའི་ཐོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དགྱེས་བཞེས་ཀྱི་དུས་ཆེན་དེ་སྲུང་བརྩི་ཞུས་ཤིང༌། མང་ཚོགས་ལ་གསོལ་ཚིགས་འདེགས་འབུལ་སོགས་གནང་སྟེ། ཚོར་བ་ཟུང་སྦྲེལ་གྱི་དུས་དྲན་དེ་རྣམ་པ་ཁག་ཁག་སོ་སོར་དབྱེ་ནས་སྲུང་བརྩི་རྒྱས་པོ་ཞུས་སོང༌།
ཁེ་ལི་ཧྥོར་ནི་ཡ་ནས་བཀྲིས་དབང་ཕྱུག་གིས།