བོད་མི་གཉིས་རྒྱ་གཞུང་གིས་གསང་བའི་བཙན་ཁྲིད་བཀག་ཉར།
ཟླ་འདིའི་ཚེས་༡༡ དགོང་མོ་སུད་སིར་གནས་སྡོད་ཤ་བོ་རྡོ་རྗེས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། བོད་མོད་སྨད་རེབ་གོང་རྩེ་ཁོག་རྫོང་གི་ཁོངས་གཏོགས། ཁ་ཐོག་སྡེ་པ་ནས་ཡིན་སྐལ་བཟང་རྡོ་རྗེ་ཉེ་ཆར་ག་སོང་ཆ་མེད་དུ་གྱུར་བ་དང་། ཁོང་ནང་མི་འབྲེལ་ཡོད་ཀྱིས་རྩད་གཅོད་བྱས་རྗེས། རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ཡོད་ཤེས་རྟོགས་བྱུང་ཡོད་པ་རེད།
ཁོང་ལ་རྒྱ་ནག་གཞུང་གིས་རྟ་མགྲིན་རྡོ་རྗེས་རྒྱ་གཞུང་ལ་ངོ་རྒོལ་གྱི་རང་ལུས་མེར་སྲེག་དང་འབྲེལ་བ་ཡོད་སྐོར་བརྗོད་ཡོད་པ་དང་། རྟ་མགྲིན་རྡོ་རྗེས་མེར་སྲེག་ངོ་རྒོལ་མ་བྱས་པའི་སྔ་ཉིན་དེར་རྟ་མགྲིན་རྡོ་རྗེ་དང་། སྐལ་བཟང་རྡོ་རྗེ་གཉིས་མཉམ་དུ་བསྡད་ཡོད་འདུག
སྐལ་བཟང་རྡོ་རྗེ་བོད་མདོ་སྨད་རྩེ་ཁོག་རྫོང། ཁ་ཐོག་སྡེ་པ་ནས་ཡིན་པ་དང་། ད་ལྟ་རང་ལོ་༢༦ ཡིན་འདུག ཁོང་གི་ཕ་མིང་ལ་བཀྲ་རྡོ་དང་། མ་མིང་ལ་སྐོར་རྡོ་ཟེར་གྱི་ཡོད་འདུག
དེ་བཞིན་རྡོ་དཀར་མོ་ཡུལ་ཚོ། ཆུ་དམར་སྡེ་པ་ནས་ཡིན་པ་མགོ་བྷེ་ཡང་གར་སོང་ཆ་མེད་དུ་གྱུར་རྗེས། ནང་མིས་རྩད་གཅོད་བྱས་ཏེ་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ཡོད་པ་ཤེས་རྟོགས་བྱུང་བ་དང་། ཁོང་ལ་གསང་བདག་ཚེ་རིང་གིས་ཕྱི་ཟླ་༡༡ པའི་ཚེས་༡༧ ཉིན་ཨ་མདོ་རེབ་གོང་ཁུལ་རྩེ་ཁོག་རྫོང་། རྡོ་དཀར་མོ་ཡུལ་ཚོའི་སྲིད་གཞུང་ཡོད་སར་རང་ལུས་མེར་སྲེག་བཏང་བར་འབྲེལ་བ་ཡོད་པའི་ཉེས་མིང་བཏག་ཡོད་པ་རེད།
མགོ་བྷེ་ནི་རེབ་གོང་ཁུལ་རྩེ་ཁོག་རྫོང་། རྡོ་དཀར་མོ་ཡུལ་ཚོ་ཆུ་དམར་སྡེ་པ་ནས་ཡིན་པ་དང་། ཁོང་གི་མ་མིང་ལ་ཁྱི་མོ་ཐར་དང་། རང་ལོ་༢༢ ཡིན་འདུག །