སུད་སིར་རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ།

ཟླ་འདིའི་ཕྱི་ཚེས་༡༠ ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སྲུང་བརྩི་དང་འབྲེལ། སུད་སིར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་༡༠༠༠ ལྷག་གིས་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་ཞི་འཇགས་ཡོང་ཆེད་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།

2012_12_10_1དེ་ཡང་ཟླ་འདིའི་ཕྱི་ཚེས་༡༠ ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་འདི་གར་སུད་སིའི་གྲོང་ཁྱེར་ཇེ་ནེ་ཝར་ཡོད་པའི་འགྲོ་བ་མི་ཡི་ཐོབ་ཐང་ལྷན་ཁང་དང། མཉམ་འབྲེལ་རྒྱ་ཚོགས་སོ་སོའི་ལས་ཁུངས་མདུན་དུ་བོད་མི་སྟོང་གཅིག་མིན་ཙམ་ཞིག་འདུ་འཛོམས་ཀྱིས། བོད་ནང་ལ་འགྲོ་བ་མིའི་ཐོབ་ཐང་ཡོང་ཆེད་ངོ་རྒོལ་སྐད་འབོད་གཞི་རྒྱ་ཆེ་བ་ཞིག་གནང་ཡོད་པ་རེད། དེ་ཡང་ཉིན་དེའི་སྔ་དྲོའི་ཆུ་ཚོད་༡༢ ཐོག་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ལས་ཁུངས་མདུན་དུ། ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་མཆོག་དང། སུད་སིའི་གྲོས་ཚོགས་ཀྱི་སྤྱི་ཟུར། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དང་། སྐུ་ཚབ། བོད་དོན་རྒྱབ་སྐྱོར་བ་ཁག་བཅས་ཀྱིས་གསུང་བཤད་བཅས་གྲུབ་མཚམས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་བར་གོམ་བགྲོད་བྱས་སོང། དེར་སུད་སི་ས་གནས་མི་མང་གི་ཚོགས་གཙོ་དང་ཡུ་རོབ་སྤྱི་འཐུས་ཆུང་བདག་ཀོ་རིན་དང་རྒྱ་ནག་གི་མང་གཙོ་དོན་གཉེར་བ། རྒྱལ་ཁབ་སོ་སོ་ནས་ཕེབས་པའི་བོད་དོན་རྒྱབ་སྐྱོར་བ་བཅས་ནས་གསུང་བཤད་རིམ་པས་གནང་སོང།

གསུང་བཤད་གནང་མཁན་ཁག་གིས་ད་ལྟའི་བོད་ནང་གི་གནས་སྟངས་དང་རྒྱལ་སྤྱིས་བོད་ཐོག་ལ་གཟིགས་སྟངས་ག་འདྲ་ཡོད་མེད་བཅས་ཀྱི་ཐོག་ལ་གསུང་བཤད་གནང་བ་ཟད། དེའི་ཉིན་རྒྱལ་ཚོགས་ཀྱི་ལས་ཁུངས་ཁག་གི་ནང་དུ་ཡུ་རོབ་སྤྱི་འཐུས་དང་སུད་སིའི་མི་མང་གི་ཚོགས་གཙོ་སྐུ་ཚབ་དོན་གཅོད་བཅས་ཕེབས་ནས། མཚན་རྟགས་དང་དེའི་རྒྱབ་ལྗོངས་ཀྱི་ཡིག་ཆ་སོགས་ཕུལ་ཡོད་པ་མ་ཚད་རྒྱལ་ཚོགས་ཀྱི་འགན་འཛིན་གྱི་སྐུ་ཚབ་དང་མཇལ་འཕྲད་ཀྱང་གནང་ཡོད་འདུག མཐར་སུད་སིའི་ས་གནས་མི་མང་གི་ཚོགས་གཙོས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྣེ་ཁྲིད་པའི་བདེན་པའི་མེ་ལྕེའི་སྐོར་བསྐྱོད་འདི་དེ་རིང་མཇུག་རྫོགས་པ་ཡིན་ཡང། བོད་མིའི་རྩ་དོན་གྱི་གནས་སྟངས་མཇུག་བསྒྲིལ་མེད་པས། ཚང་མས་སེམས་ལ་ངེས་དགོས་པའི་སྐོར་སོགས་ཀྱི་གསུང་བཤད་ཀྱང་གནང་སོང། །
ས་གནས་ནས་སྟག་ལྗོངས་འཆི་མེད་ཀྱིས།