རྒྱལ་ཚོགས་ལ་བདེན་པའི་མེ་ལྕེའི་ཞུ་སྐུལ།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༡༥ ཕྱི་ལོ་ ༢༠༡༢/༡༢/༡༢
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྣེ་ཁྲིད་པའི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་དེ། ལོ་འདིའི་ཕྱི་ཟླ་༧ ཚེས་༦ སྤྱི་ནོར་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་ཉིན་དབུ་འཛུགས་ཀྱིས། འཛམ་གླིང་གི་ས་གནས་གང་སར་སྐོར་བསྐྱོད་བྱས་ནས་ཟླ་འདིའི་ཕྱི་ཚེས་༡༠ རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ལྟེ་བ་དང་།
སུད་སིའི་གྲོང་ཁྱེར་ཇི་ནི་ཝར་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས། རྒྱ་གར་ནང་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡན་ལག་ལས་ཁུངས་སོ་སོར་ས་ཡིག་སུམ་འབུམ་ལྔ་ཁྲི་ཆིག་སྟོང་ལྷག་དེ་ཕུལ་ཡོད་པ་དང། ད་བར་བོད་ཕྱི་ནང་གཉིས་ནས་བོད་རིགས་རྒྱལ་གཅེས་དཔའ་བོ་དཔའ་མོ་གང་མང་ཞིག་གིས་བོད་ཀྱི་རྩ་དོན་ཆེད་རང་ལུས་མེར་སྦར་ནས་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་འདས་གསོན་གཉིས་ཀ་བསྡོམས་གྲངས་༡༠༠ རུ་སོན་ཡོད།
ས་ཡིག་དེ་དག་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་ལ་དགོས་འདུན་གསུམ་ཕུལ་བ་ནི། ༡༽ ཕྱི་ལོ་༡༩༥༩ དང། ༡༩༦༡། ༡༩༦༥ སོ་སོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་དོན་ཐོག་བཞག་པའི་གྲོས་ཆོད་སླར་ཡང་རྒྱལ་ཚོགས་ནས་གླེང་སློང་དང་ལག་བསྟར་མཇུག་གནོན་དགོས་པ། ༢༽བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་རྟོག་ཞིབ་སླད་རང་དབང་ཅན་གྱི་རྒྱལ་སྤྱིའི་སྐུ་ཚབ་ཁག་ཅིག་འཕྲལ་གཏོང་དགོས་པ། ༣༽བོད་ནང་གི་བོད་མིའི་མངོན་འདོད་བསྒྲུབ་རྒྱུར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དམིགས་བསལ་འགན་འཁུར་བཞེས་དགོས་པ། ཞེས་ཆེས་གལ་གནད་ཅན་གྱི་དོན་ཚན་གསུམ་འཁོད་ཡོད་པ་རེད། བོད་ཕྱི་ནང་གཉིས་ནས་བོད་དོན་ཆེན་རང་ལུས་མེར་སྲེག་གཏོང་མཁན་གཅིག་པུ་འདས་གསོན་གཉིས་ཀ་མི་གྲངས་བརྒྱར་སླེབས་ཟིན་པ་ཙམ་དུ་མ་ཟད། ད་དུང་རྒྱ་གཞུང་གི་གདུག་རྩུབ་འོག་རང་སྲོག་བཏང་བ་དང་རང་སྲོག་ཤོར་བའི་གྲངས་ཀ་ནི་ཡོངས་གྲགས་འབུམ་བཅུ་གཉིས་ལས་ཀྱང་བརྒལ་ཡོད་པ་རེད།
བོད་མི་གང་མང་ཞིག་གིས་ཚེ་སྲོག་བློས་གཏོང་གིས་ཞུ་འབོད་བྱས་པ་དེ། ད་ལན་མཉམ་འབྲེལ་རྒྱལ་ཚོགས་ལ་ཞུ་སྐུལ་བྱེད་ཐུབ་པ་དེ་གལ་ཆེན་པོར་གྱུར་ཡོད་ལ། དེ་ནི་བཙན་བྱོལ་བོད་གཞུང་དང། རང་དབང་ལུང་པར་གནས་སྡོད་བྱེད་མཁན་གྱི་བོད་མི་ཚོའི་འགན་འཁྲི་ཁོ་ནར་གྱུར་ཡོད། གཞིས་བཞུགས་བོད་མིའི་ངོས་ནས་ཀྱང་“རི་བོང་གླག་གིས་ཁུར་ན་འབོད་ས་གནམ་”ཞེས་པ་ལྟར། རྒྱལ་སྤྱིའི་ཐོག་ནས་རོགས་རམ་ཞིག་ཡོང་རྒྱུར་རེ་བ་རྒྱག་བཞིན་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་ད་ལྟའི་བོད་ནང་གཅིག་པུ་ནས་བོད་མི་བརྒྱ་མ་ཟིན་ཙམ་གྱིས་རང་ལུས་མེ་ལ་བསྲེགས་ནས་ཞུ་འབོད་དང། འཛམ་གླིང་གི་ཁྱོན་ཡོངས་ནས་བོད་མི་གཙོ་བོར་གྱུར་པའི་མི་འབུམ་གསུམ་དང་ཕྱེད་ལྷག་གིས་ས་ཡིག་བརྒྱབ་ནས་ཞུ་འབོད་བྱས་པའི་གནད་དོན་དེ་ལ་དོ་སྣང་དང་རྒྱབ་སྐྱོར་ག་ཚད་ཅིག་བྱས་ཡོང་མིན་དེ་ལ་གཞིས་བྱེས་བོད་མི་ཡོངས་ཀྱི་རེ་བ་ཆེན་པོས་བལྟ་ཉན་བྱས་ནས་བསྡད་ཡོད།
ལོ་གཉིས་ཙམ་གྱི་ནང་དུ་བོད་མི་བརྒྱ་མ་ཟིན་ཙམ་ཞིག་གིས་ཚེ་སྲོག་བློས་བཏང་བའི་ཞུ་འབོད་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཐུགས་སྣང་དང་རྒྱབ་སྐྱོར་ངེས་པར་དུ་བྱེད་དགོས་པ་ལྟ་བུར་གྱུར་ཡོད་ལ། གལ་སྲིད་ཞི་བའི་ཐབས་ལམ་ལ་རྒྱལ་ཚོགས་ཀྱིས་དོ་སྣང་དང། རིན་ཐང། རྩི་འཇོག ཆུང་ས་ནས་བཤད་ན་སྙིང་རྗེ་ཙམ་ཡང་མ་བྱས་ན་ཞི་བའི་ཐབས་ལམ་ལ་འུ་ཐུག་སྲིད་པ་འདི་ད་ལྟ་ང་ཚོའི་མིག་མདུན་དུ་སླེབས་ངེས་པའི་ཛ་དྲག་གི་གནད་དོན་ཞིག་ཏུ་གྱུར་འདུག་ལ། འདིའི་སྔོན་ལ་ཡང་ཡང་བཤད་མྱོང་བ་བཞིན། རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོས་རང་གཞན་གཉིས་མེད་བྱེད་པའི་ངོ་རྒོལ་ཡང་བྱེད་སྲིད་པ་སོགས། ཚེ་སྲོག་བློས་གཏོང་བྱས་པ་འདི་དག་བོད་པ་རང་ངོས་ནས་ཆུད་ཟོས་སུ་མི་གཏོང་བར། བོད་ནང་དུ་བཞུགས་པའི་བོད་མི་ཚོས་ངོ་རྒོལ་གྱི་ཐབས་ལམ་ལ་རང་བཞིན་གྱིས་འགྱུར་བ་ཞིག་འགྲོ་སྲིད་པའི་དོགས་པ་ཡོད།
ད་ལན་རྒྱལ་ཚོགས་ནས་གནད་དོན་འདི་ལ་ལག་པ་ཞིག་འཆང་གི་རེད་བསམ་པ་དེ་ཕྱོགས་ཡོངས་ནས་མཐོང་དཀའ་ཡང། གལ་སྲིད་བོད་དོན་ལ་སླར་ཡང་ལག་པ་ཞིག་འཆང་བའི་དབང་དུ་བཏང་ན་ད་ལྟའི་ཞུ་འབོད་ཀྱི་དགོས་འདུན་དོན་ཚན་གསུམ་དེའི་ནང་གི་དང་པོ་དེ་སྔོན་མ་ནས་རྒྱལ་ཚོགས་ཀྱིས་ཐག་གཅོད་བྱས་ཟིན་པ་ཞིག་ཡིན་པས། བསྐྱར་དུ་གླེང་སློང་ཞིག་བྱེད་དགོས་པ་དེ་དུས་ལ་བབ་ཡོད་པ་དང། རྒྱ་གཞུང་གིས་བཀག་འགོག་བྱེད་ངེས་ཡིན་ཡང། ད་ལན་གཙོ་བོ་གནད་དོན་འདི་ཉིད་གླེང་དང་མི་གླེང་གི་ཐོག་ནས་མཉམ་འབྲེལ་རྒྱལ་ཚོགས་དེ་འཚེ་མེད་ཞི་བ་དང་དྲང་བདེན་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་མིན་གསལ་སྟོན་བྱས་པ་ཞིག་ཆགས་ཡོད། གང་ལྟར་བོད་པ་རང་ངོས་ནས་བཤད་ན་ཕྲུ་གུ་ངུ་ས་ཕ་མ་ཞེས་པ་ལྟར་འབོད་སྐུལ་ཞུ་ས་མཉམ་འབྲེལ་རྒྱལ་ཚོགས་རང་ལ་བྱེད་དགོས་པ་དེ་གལ་ཆེན་པོ་རེད།
གལ་སྲིད་དགོས་འདུན་དོན་ཚན་དང་པོ་དེའི་ཐོག་ལ་སླར་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལག་པ་ཞིག་འཆང་བའི་དབང་དུ་བཏང་ན། དོན་ཚན་གཞན་གཉིས་དེ་དང་འབྲེལ་ནས་ཡོང་སྲིད་པ་དང། རྒྱལ་ཚོགས་སུ་གླེང་སློང་ཙམ་བྱེད་ཐུབ་ཀྱང། རྒྱ་གཞུང་ལ་གནོན་ཤུགས་ཤིག་ཏུ་གྱུར་ཡོད་པ་དང། བོད་མི་རིགས་ལ་ད་ལྟའི་ཆར་རང་དབང་གཏན་ནས་མེད་པའི་གནས་སྟངས་འདི་ཆེས་ཛ་དྲག་གི་གནས་སྟངས་ཤིག་ཏུ་གྱུར་ཡོད་པ་ལས། བདེ་སྐྱིད་ཆེ་དྲགས་ནས་རང་སྲོག་བློས་གཏོང་དགོས་བྱུང་བ་ཞིག་གཏན་ནས་མིན། མི་རེ་ཟུང་གི་ལག་འཛིན་ཁ་པར་ནང་བོད་དོན་ཆེད་རང་སྲོག་བློས་བཏང་བྱས་པའི་རྒྱལ་གཅེས་དཔའ་བོ་ཞིག་གི་སྐུ་པར་ཡོད་པ་ཙམ་གྱིས་བཙོན་འཇུག་ཁྲིམས་ཐག་གཅོད་བཞིན་ཡོད་པ་སོགས། དབང་ཤེད་འཇིགས་སྐུལ་ཁོ་ན་ལ་བརྟེན་ནས་བོད་འཛིན་བཟུང་བྱས་ཡོད། འོན་ཀྱང་བོད་པའི་ས་རྒྱ་མིས་ཕྲོགས་ཡོད་ཀྱང་བོད་པའི་སེམས་རྒྱ་མིས་དུས་ནམ་ཡང་འཕྲོག་ཐུབ་ཀྱི་མ་རེད།།