ཁམས་རྫ་ཆུ་ཁ་དབོན་པོ་དགོན་པའི་གྲྭ་པ་དྲུག་འཛིན་བཟུང་།
ཟླ་འདིའི་ཚེས་ ༡༢ ཉིན་གྱི་ཞོགས་པ་སྔ་པོ་རྒྱ་ནག་གཞུང་གིས་ཁམས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། ཁམས་རྫ་ཆུ་ཁ་སེར་ཤུལ་རྫོང་། རྫ་སྨད་དབོན་པོ་དགོན་པའི་རྨང་གཞིའི་རིག་གནས་སློབ་གྲྭའི་སློབ་ཕྲུག་གྲྭ་པ་དྲུག་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག
དེ་ཡང་ཟླ་འདིའི་ཚེས་ ༡༤ཉིན་རྒྱ་གར་ལྷོ་ཕྱོགས་སེར་བྱེས་བྱ་བྲལ་ཁང་ཚན་གྱི་གྲྭ་བྱམས་པ་ཡོན་ཏན་གྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཚེས་༡༢ ཉིན་གྱི་ཞོགས་པ་ཆུ་ཚོད་༨ ཙམ་ལ་རྫ་སྨད་དབོན་པོ་དགོན་པའི་རྨང་གཞིའི་རིག་གནས་སློབ་གྲྭའི་སློབ་ཕྲུག་གྲྭ་པ་བསོད་མགོན་དང་། བསོད་ཆོས། དགེ་འདུན། མཁས་གྲུབ། ནོར་བུ། དབྱིག་ཉེན་བཅས་གྲྭ་བ་དྲུག་རྒྱ་ནག་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག
གནས་ཚུལ་མཁོ་སྤྲོད་པས་རྒྱུས་ལོན་བྱུང་བ་ལྟར་ན་དེང་སྐབས་དབོན་པོ་ཡུལ་དགོན་གཉིས་ཀྱི་ནང་མི་མང་གིས་ངོ་རྒོལ་བྱས་པ་དང་། དགོན་པ་དམིགས་བསལ་ཆོས་ཚོགས་འཚོགས་པ་སོགས་ཀྱི་གནས་ཚུལ་བྱུང་མེད་པས་རྒྱུན་ལྡན་ལྟར་ཡིན་འདུག་ནའང་། སློབ་ཕྲུག་གྲྭ་པ་ལྔ་པོ་རྒྱ་ནག་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག ད་ལྟའི་སྐབས་སུ་ས་གནས་སུ་ཁ་པར་བརྒྱུད་ལམ་ཡག་པོ་མེད་པ་དང་། ཕྲ་འཕྲིན་ wechat བརྒྱུད་ལམ་བཀག་ཟིན་པར་བརྟེན། གནས་ཚུལ་རྒྱུས་ལོན་བྱེད་ཁག་པོར་གྱུར་ཡོད་པས། གྲྭ་པ་དེ་དག་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་དང་། ས་གནས་གང་ཞིག་ཏུ་ཁྲིད་ཡོད་མེད་སོགས་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་བྱུང་མི་འདུག ས་གནས་མི་མང་གིས་ཚོད་དཔག་བྱས་པ་ལྟར་ན་འདི་ལོ་ཕྱི་ཟླ་ ༡༠ པའི་ནང་དབོན་པོ་ཡུལ་དགོན་གཉིས་ཀྱི་སེར་སྐྱ་མི་མང་འཛིན་བཟུང་དམ་དྲག་བྱས་པའི་གནས་ཚུལ་དང་འབྲེལ་བ་ཡོད་པར་ངོས་འཛིན་བྱེད་མཁན་ཡོད་འདུག
འདི་ལོའི་ཕྱི་ཟླ་༡༠ ཚེས་༡༥ ནས་༢༢ བར་ཁམས་རྫ་ཆུ་ཁ་དབོན་པོ་ས་གནས་སུ་རྒྱ་གཞུང་གིས་སེར་སྐྱ་ ༢༥ འཛིན་བྱས་ཡོད་པ་དང་། དེ་དག་ལས་མང་པོ་ཞིག་ལ་ཉེས་ཆད་དང་རྡུང་རྡེག་བཏང་རྗེས་མང་པོ་ཞིག་ཀློད་གྲོལ་བཏང་ཡོད་འདུག་ནའང་། དེའི་ནང་ནས་གྲྭ་ཆོས་དར་དང་། ཚུལ་ཁྲིམས་བསྟན་འཛིན་སོགས་གྲྭ་པ་ལྔ་ད་དུང་ཡང་གློད་གྲོལ་བཏང་མེད་པའི་གནས་ཡོད་པ་རེད་འདུག
ད་ལྟ་བོད་ཀྱི་ས་གནས་གང་སར་རྒྱ་ནག་གཞུང་གིས་དམ་དྲག་ཤུགས་ཆེན་ཡོད་པ་མ་ཟད། ས་གནས་མང་པའི་ནང་བོད་ཀྱི་གནད་ཡོད་མི་སྣར་སྟངས་འཛིན་དང་། འཛིན་བཟུང་བཀག་ཉར། ཁྲིམས་ཆད་གཏོང་བ་སོགས་བྱེད་ཀྱི་ཡོད་པ་རེད།
མེ་སོར་གསར་འགོད་པས།