ཨ་མདོ་རེབ་གོང་རྩེ་ཁོག་ནས་བོད་མི་དྲུག་འཇུ་བཟུང་།
ཟླ་འདིའི་ཚེས་༡༤ ཉིན་གྱི་ཞོགས་པ་རྒྱ་ནག་གཞུང་གིས་བོད་ཨ་མདོ་རྩེ་ཁོག་རྫོང་། དམེ་སྐོར་སྡེ་པའི་སྐྱ་སེར་དྲུག་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་དང་། དེང་སྐབས་རྒྱ་ནག་གཞུང་གིས་རྩེ་ཁོག་རྫོང་ཁོངས་སུ་བོད་དོན་ལས་འགུལ་སྤེལ་བའི་ཉེས་མིང་འོག་བོད་མི་ཚོར་དམ་དྲག་ཆེན་པོ་དང་། མང་པོ་འཛིན་བཟུང་བཀར་ཉར་སོགས་བྱེད་ཀྱི་ཡོད་འདུག
དེ་ཡང་སུ་སིད་གནས་སྡོད་ཤ་བོ་རྡོ་རྗེས་འདི་ག་གསར་ཁང་དུ་འགྲེལ་བརྗོད་གནང་བ་ལྟར་ན། ཟླ་འདིའི་ཚེས་༡༤ ཞོགས་པ་སྔ་པོ་རྒྱ་ནག་གཞུང་གིས་བོད་ཨ་མདོ་རྩེ་ཁོག་རྫོང་ཁོངས་ཀྱི་དམེ་སྐོར་སྡེ་པའི་རྡོ་ཁོ་སྐྱབས་(ལོ་༤༣)དང་། ཁོང་གི་བུ་ཆོས་འཕེལ་དར་རྒྱས་(ལོ་༡༩)གཉིས་དང་། དེ་བཞིན་གྲྭ་པ་ཆོས་འཛིན། (རང་ལོ་༢༦ ཁོང་གི་ཕ་མི་ལ་རྡོ་བྷེ།) ཆོས་འཕེལ་བློ་བཟང་(རང་ལོ་༡༩) ཨ་མཆོད་དགེ་འདུན་འཇམ་དབྱངས། (རང་ལོ་༤༢ ཁོང་ནི་ཉེ་ཆར་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་རྟ་མགྲིན་རྡོ་རྗེའི་ནང་གི་ཨ་མཆོད་ཡིན་འདུག) བཅས་ལྔ་དང་། ཟླ་འདི་ཚེས་༡༣ ཉིན་སྟོབས་རྒྱལ་(རང་ལོ་༢༦ ཁོང་ནི་ཉེ་ཆར་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་སངས་རྒྱས་སྒྲོལ་མ་ཚང་གི་དམག་པ་ཡིན་འདུག) བཅས་འཇུ་བཟུང་བཙན་ཁྲིད་བྱས་ཡོད་འདུག
ཤ་བོ་རྡོ་རྗེས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། དེང་སྐབས་རྒྱ་ནག་གཞུང་གིས་རྩེ་ཁོག་རྫོང་ཁོངས་ཀྱི་དགོན་པའི་དགེ་སྐོས་དང་། སྡེ་དཔོན། གནད་ཡོད་མི་སྣ་སོགས་ལ་སྟངས་འཛིན་དམ་དྲག་བྱེད་ཀྱི་ཡོད་པ་མ་ཟད། ཉིན་རེ་བཞིན་བོད་མི་མང་པོ་འཇུ་བཟུང་བྱེད་ཀྱི་ཡོད་པ་རེད།།